རྒྱ་ནག་གིས་བོད་ཐོག་ཁྲིམས་གཞི་གཏན་འབེབས་ལ་ངོས་ལེན་མེད།
དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི་<<བདེན་གཏམ་རྨོངས་མུན་སེལ་བའི་སྒྲོན་མེ་>>ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་སོང་ལ། དེ་ནི་རྒྱ་ནག་གིས་གཏན་འབེབས་བྱས་པའི་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་ཞུ་ཕྱོགས་སྐོར་ལ་ཡིག་ཆ་ཨང་ལྔ་པ་ཞེས་པར་ངོས་ལེན་མེད་པའི་དགག་ལན་ཡིན་པ་རེད།
དེ་ཡང་ཟླ་འདིའིོ་ཕྱི་ཚེས་༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ གི་སྟེང་། བཞུགས་སྒར་དྷ་ས་མེག་གྷན་དུ་ཡོད་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་ནང་དུ། གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་དང་། རིག་གཞུང་འགན་འཛིན་འཇིགས་མེད་གཉིས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྩོམ་སྒྲིགས་བྱས་པའི་དཔེ་དེབ་<<བདེན་གཏམ་རྨོངས་མུན་སེལ་བའི་སྒྲོན་མེ་>>ཞེས་པ་དབུ་འབྱེད་དང་འབྲེལ་གསལ་འགོད་གསལ་བསྒྲགས་ཤིག་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་སྒྲོགས་སྦྱང་གནང་དོན། “ཕྱི་ལོ་༡༩༤༩ ལོར་བོད་དུ་བཙན་འཛུལ་འགོ་བཙུགས་ཏེ། ཕྱི་ལོ་༡༩༥༩ ལོར་བོད་ཀྱི་ས་ཁོངས་ཡོངས་བཙན་བཟུང་དབང་བསྒྱུར་བྱས་པ་ནས་ད་བར། རྒྱ་ནག་གིས་བོད་ཐོག་བཙན་འཛུལ་དབང་བསྒྱུར་བྱས་པའི་ནག་ཉེས་སྦས་འགེབས་བྱས་ཏེ། དེ་དག་ཁྲིམས་མཐུན་དང་ལུགས་མཐན་ཅན་དུ་རྫུན་བཟོ་བྱ་ཆེད། ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་དང་། བོད་དུ་ཡར་རྒྱས་རོགས་སྐྱོར་བྱས་ཚུལ་གྱི་བསྒྲགས་གཏམ་གཉིས་ནི། རྒྱ་ནག་གིས་མི་ལོ་༥༠ ལྷག་བོད་དོན་ཐོག་བསྒྲགས་པའི་རྫུན་གཏམ་གྱི་རྕ་འཛིན་སྲིད་ཇུས་གཉིས་ཆགས་ཡོད་པས། ལོ་རྒྱུས་ཀྱི་བདག་པོ་བོད་མི་མང་ནམ་ཡང་རྫུན་གཏམ་དེ་གཉིས་ཀྱི་འོག་ཏུ་ཚུད་མེད་པར། བོད་རྒྱ་རྒྱལ་ཁབ་སོ་སོ་དང་། བོད་འཚོ་གནས་ཀྱི་དགྲ་བོ་རྒྱ་ནག་གི་བཙན་འཛུལ་དབང་བསྒྱུར་ཡིན་པའི་ངོས་འཛིན་ཇེ་གསལ་དུ་འགྲོ་བཞིན་པ་ནི། བོད་ཀྱི་མ་འོངས་པའི་རྒྱལ་ཁའི་མདུན་བསྐྱོད་རླབས་ཆེན་ཞིག་ཆགས་ཡོད་”ཅེས་བརྗོད་སོང་།
ཡང་ཁོང་གིས“་དགྲ་བོ་རྒྱ་ནག་གིས་སྔར་རིག་གནས་གསར་བརྗེ་སོགས་ཀྱི་སྐབས་བོད་ཀྱི་རིག་གཞུང་དང་ཆོས་ལུགས་ནི། རྗེས་ལུས་དང་ཀླ་ཀློའི་སྤྱོད་ཚུལ་ཡིན་པར་བཤད་ནས་ཐད་ཀར་རྩ་གཏོར་བཀག་བསྡོམས་བྱས་ཡོད་ཀྱང་། དེང་སྐབས་དེ་ལས་ཀྱང་ཆེས་ཉེན་ཁ་ཆེ་བའི་གནས་བབས་གསར་པ་ཞིག་འགོ་བཙུགས་ཡོད་པ་ནི། ད་ལྟའི་སྐབས་སུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་ཡར་རྒྱས་རོགས་སྐྱོར་ཟེར་བའི་མིང་ཐོག་ནས། བོད་ཀྱི་ཐོན་ཁོངས་དང་རིག་གཞུང་རྩ་གཏོར་གྱིས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ངན་ཇུས་ཀྱི་རིགས་ལག་བསྟར་གྱི་ཆེད། ཁྲིམས་འགལ་གྱི་སྲིད་ཇུས་དང་སྒྲིག་གཞི་འདྲ་མིན་གཏན་འབེབས་བྱས་པའི་ཁྲོད་ཉེན་ཁ་ཆེ་ཤོས་ཤིག་ནི། ཕྱི་ལོ་༢༠༠༧ ཟླ་༧ ཚེས་༡༣ བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སྐོར་བཀའ་རྒྱ་ཨང་ལྔ་པ་ཟེར་བའི་ཡིག་ཆ་ཞིག་གཏན་འབེབས་ཀྱིས་ལོ་དེའི་ཕྱི་ཟླ་༧ ཚེས་༡༨ ཉིན་ཕྱིར་བསྒྲགས་བྱས་ཡོད། ཡིག་ཆ་དེའི་དམིགས་འབེན་གཙོ་བོ་ནི། མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གཙོས་ཡང་སྤྲུལ་རྣམས་རྒྱ་ནག་གི་གཡོ་ཇུས་བཙན་ཤེད་འོག་ནས་ཐག་གཅོད་བརྒྱུད། བོད་ཀྱི་ཆོས་ལུགས་གཙོས་རིག་གཞུང་དང་། མི་རིགས། ཆིག་བསྒྲིལ་བཅས་རྩ་མེད་བཟོ་རྒྱུ་དེ་ཆགས་ཡོད། ཡིག་ཆ་དེ་ལྟ་བུ་ཞིག་གཏན་འབེབས་བྱས་པ་ནི་ལོ་རྒྱུས་ཀྱི་བདག་དབང་དང་། ཆོས་ལུགས་དད་མོས། རྒྱུན་སྲོལ་སོགས་ཕྱོགས་གང་ཐད་ནས་ཡོངས་སུ་ཁྲིམས་འགལ་གྱི་གནད་དོན་ཁོ་ན་ཞིག་ཆགས་ཡོད། གང་ལགས་ཞེ་ན། བོད་ནི་ལོ་རྒྱུས་ཐོག་བདག་དབང་ཁ་གསལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་ཁབ་གཞན་གྱིས་བོད་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་བྱས་པ་ནི། ལོ་རྒྱུས་ཀྱི་བདག་དབང་ལ་བཙན་གནོན་བྱས་པ་ཞིག་སྟེ། བོད་ཀྱི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པས། རྒྱ་ནག་གི་བོད་ཐོག་ཁྲིམས་གཞི་གང་ཞིག་གཏན་འབེབས་བྱས་ཀྱང་བོད་མི་ས་ཡ་དྲུག་གིས་ནམ་ཡང་ལེན་མི་སྲིད་”ཅེས་བསྒྲགས་སོང་ལ།
ཁོང་གིས་མུ་མཐུད་དུ་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ཐད་ནས“་ལོ་རྒྱུས་ཐོག་བོད་ཀྱི་བླ་སྤྲུལ་ངོས་འཛིན་ནི། སྐུ་གོང་མའི་ཞལ་ཆེམས་དང་ལྷ་བླའི་ལུང་བསྟན་ལ་བརྟེན་ནས་རྩད་འཚོལ་བརྒྱུད། བོད་གཞུང་གིས་གཞུང་འབྲེལ་ངོས་འཛིན་དགོས་རིགས། ༧གོང་ས་མཆོག་དང་བོད་གཞུང་གིས་ངོས་འཛིན་ཆོག་མཆན་གནང་སྲོལ་ལ་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་ཡིད་ཆེས་ངོས་འཛིན་གཙང་མ་ཞུ་བ་ལས། དེ་མིན་རྒྱལ་ཁབ་གཞན་གྱི་ཁྲིམས་ཡིག་ལ་བསྟུན་དགོས་པ་བྱུང་རབས་དང་རྒྱུན་སྲོལ་གང་དུ་ཡང་མེད། དེར་བརྟེན། གོང་གསལ་ཡིག་ཆ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྔ་རྗེས་དུ་མར་ཡོངས་སུ་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་ཟིན་པ་མ་ཟད། ཕྱི་ལོ་༢༠༡༠ལོར་བཞུགས་སྒར་དུ་གཞོན་ལྷན་གྱི་ཚོགས་ཆེན་ཐེངས་༡༤ པའི་ཐོག་བཀའ་རྒྱ་ཨང་ལྔ་པ་ཟེར་བ་དེར་ངོ་རྒོལ་ལན་འདེབས་བྱ་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་བ་བཞིན། བཀའ་རྒྱ་ཨང་ལྔ་པ་ཟེར་བ་ཕྱིར་བསྒྲགས་བྱས་ནས་ལོ་ལྔ་འཁོར་བའི་དེ་རིང་གི་ཉིན་མོ་འདིར། ཁྲིམས་འགལ་གྱི་ཡིག་ཆ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཡོངས་སུ་ངོས་ལེན་མེད་པའི་ངོ་རྒོལ་ལན་འདེབས་ཀྱི་ཡིག་ཆ་<<བདེན་གཏམ་རྨོངས་མུན་སེལ་བའི་སྒྲོན་མེ་>>ཞེས་པ་འདི་དངོས་སུ་དཔར་བསྐྲུན་ཞུས་པ་ཡིན་”ཞེས་བསྒྲགས་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྩོམ་སྒྲིགས་བྱས་པའི་<<བདེན་གཏམ་རྨོངས་མུན་སེལ་བའི་སྒྲོན་མེ་>>ཞེས་པའི་དཔེ་དེབ་དེར“་རྒྱ་དམར་གྱི་ཁྲིམས་སྲོལ་ཡིག་ཁག་གི་རྒྱབ་ལྗོངས་ལ་ལྟ་བ་”དང་། “བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་སྤྲུལ་སྐུའི་ལམ་ལུགས་སྐོར་རགས་ཙམ་དཔྱད་པ”། “ཡིག་ཆ་ཨང་ལྔ་པ་ཟེར་བའི་ནང་དོན་དང་དེའི་དགོས་དམིགས་ལ་དཔྱད་པ”། “བདེན་མིན་འགོག་པ་ལན་འདེབས་སྙིང་གི་ཚེར་མ་”ཞེས་པ་སོགས་བརྗོད་སྙིང་དུ་བཟུང་སྟེ། རྒྱ་གཞུང་གིས་བོད་ཐོག་སྔ་ཕྱིར་འཁྱོག་བཤད་བྱས་པ་ཁག་ཅིག་ལ་དཔྱད་ཞིབ་ཀྱིས་ངོ་རྒོལ་ལན་འདེབས་བྱས་ཡོད་འདུག