བཙན་བྱོལ་བོད་ཀྱི་གླུ་གཞས་སྒྱུ་རྩལ་བའི་ལམ་བུ།
དང་པོ། ཁོར་ཡུག་གི་ཤུགས་རྐྱེན།
སྤྱིར་བོད་མི་རིགས་ནི་གཞས་དང་ཞབས་བྲོ་ལ་ཧ་ཅང་དུང་བ་ཟབ་མོ་ལྡན་ལ། ཁ་གྲག་ཤེས་པ་དང་གཞས་གཏོང་ཤེས་ལ། གོམ་པ་རྒྱག་ཤེས་པ་དང་ཞབས་བྲོ་འཁྲབ་ཤེས་ཀྱི་ཡོད་ཅེས་པ་དེ་ཡོངས་སུ་གྲགས་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་འདིར་མཚོན་ནའང་གླུ་གཞས་སྒྱུ་རྩལ་ལ་དགའ་ཞེན་བྱེད་མཁན་ཧ་ཅང་མང་པོ་ཡོད། འོན་ཀྱང། བཙན་བྱོལ་བོད་པའི་མི་འབོར་ཉུང་བ་དང། བོད་མི་རྣམས་ཁ་འཐོར་ཡིན་པ། གཞན་གྱི་རྒྱལ་ཁབ་ཏུ་འཚོ་གནས་དགོས་པ་ཡིན་སྟབས། མི་རིགས་གཞན་དེའི་སྐད་ཡིག་དང་རིག་གཞུང། གོམས་གཤིས། དེ་བཞིན་གླུ་གཞས་སྒྱུ་རྩལ་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།
དཔེར་ན། རྒྱ་གར་ལྟ་བུར་མཚོན་ན་བོད་རིགས་ན་གཞོན་རྣམས་ཀྱི་ཆེས་དགའ་ཞེན་བྱེད་ས་ནི། ནུབ་ཕྱོགས་པའི་གླུ་གཞས་དང། རྒྱ་གར་བྷོ་ལིའི་ཝུ་ཌི་གློག་བརྙན། དེ་བཞིན་རྒྱ་གར་གྱི་གཞས་ལ་ལྟ་ཉན་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་པ་མ་ཟད། རྒྱ་གར་རང་དུ་ཚར་ལོངས་བྱུང་བ་དང་ལྷག་པར་དུ་བུད་མེད་རྣམས་རྒྱ་གར་གྱི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ལྟ་རྒྱུར་དེ་བས་དགའ་པོ་བྱེད་ཀྱི་ཡོད། ཁག་ཅིག་གིས་བོད་གཞས་ཉན་ན་གཉིད་ཁུག་གི་འདུག་ཅེས་ཉོབ་སྣང་བྱེད་པ་སོགས་ཀྱི་གནས་སྟངས་འོག བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་རང་བཞིན་གྱིས་དོ་ཕོག་འགྲོ་གི་ཡོད།
གཉིས་པ། ཆེད་ལས་སློབ་སྦྱོང་བྱེད་སའི་གོ་སྐབས་དཀོན་པ།
སྒྱུ་རྩལ་ཡིན་ནའང་འདྲ། སྤྱིར་ཤེས་བྱའི་རིགས་སུ་གྱུར་པ་ལ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དགོས་པ་གལ་ཆེ་བ་མ་ཟད། ཉམས་མྱོང་གསོག་སའི་སྟེགས་བུ་དགོས་པའང་གལ་ཆེན་པོ་ལོས་ཡིན། འོན་ཀྱང་བཙན་བྱོལ་བའི་གཞས་པ་དག་ནི། ཕལ་ཆེ་བ་རང་ཉིད་ཀྱི་དགའ་ཞེན་དང་བློ་སྤོབས་ཁོ་ནར་བརྟེན་ནས། ཆེད་བསྒྲིགས་འོད་སྡེར་བཟོ་སྐྲུན་བྱེད་ཅིང། དེའི་ནང་གི་གཞས་ཚིག་དང་གཞས་གདངས་ཚང་མ་རང་གིས་འཁྱོངས་པར་བྱེད་དགོས་ཤིང། ཡང་ན་གྲོགས་པོ་ངོ་ཤེས་ཁ་ཤས་མཉམ་རུབ་ལྟ་བུས་ཆེད་བསྒྲིགས་དེ་ཉིད་མཇུག་གྲུབ་པ་བྱེད་རྒྱུ་ལས། སྒྱུ་རྩལ་གྱི་སློབ་གྲྭ་ག་གེ་མོ་ནས་ཐོན་པའི་ཆེད་ལས་རོལ་མོ་བ་བསྟེན་ས་མེད་ལ། ཆེད་ལས་གདངས་རྩོམ་པ་པོ་དང་ཚིག་རྩོམ་པ་པོའང་དེ་བཞིན་ཧ་ཅང་དཀོན་པོ་ཡོད། དེང་རབས་ཀྱི་འགྲོས་དང་མཐུན་པའི་བོད་གཞས་སློབ་སྦྱོང་བྱེད་བསམ་པའི་འདུན་པ་ཡོད་ཀྱང་འགྲོ་སའི་སློབ་གྲྭ་མེད་ལ། རྒྱ་གར་བའི་རོལ་མོའི་གཞུང་ལུགས་སྦྱོང་སའི་ལྟེ་གནས་ཡོད་ཀྱང། དེ་ནི་བོད་གཞས་དང་མི་མཐུན་ལ། སློབ་ཡོན་ཡང་མཐོན་པོ་ཡིན་པས་དཔལ་འབྱོར་ཡག་པོ་ཡོད་མཁན་ཞིག་མིན་ན་གོ་སྐབས་དེ་དག་ལ་ལག་པ་འཆང་བའི་རེ་བ་བྲལ། དེ་བཞིན་གླུ་གཞས་དགོང་ཚོགས་སྐབས་རེ་ཙམ་དང། བོད་ནང་གི་ནག་མ་ཁང་ལྟ་བུ་མེད་སྟབས། ལུས་ཀྱི་ཉམས་འགྱུར་དང། ངག་གི་འགྱུར་ཁུག་སོགས་ཡར་རྒྱས་གཏོང་སའི་སྡིངས་ཆ་མེད་པས། རོལ་མོའི་གཞུང་ལུགས་ཕར་ཟད། ཉམས་མྱོང་གསོག་སའི་གོ་སྐབས་ཀྱང་ཤིན་ཏུ་ཉུང་བ་ཡིན། དེར་བརྟེན་བོད་མི་འགའ་ཤས་ཀྱིས་བཙན་བྱོལ་བའི་གཞས་པ་རྣམས་ཀྱི་ཚིག་ལ་ལྗིད་ཁོག་མེད་པ་དང། གདངས་ལ་སྙན་ཆ་མེད་པ། སྐད་ཡག་པོ་མེད་པ་སོགས་ཀྱི་ཁ་གཏོང་དགོས་འབྱུང་བ་དེ་གནད་དོན་འདི་དག་ལ་ཐུག་ཡོད། སྤྱིར་བོད་གཞུང་ཟློས་གར་ཚོགས་པ་ལྟ་བུར་ཆ་བཞག་ན། སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་དང། ལུང་ཚན་ཁག་གི་གཞས་སྣ། དེ་བཞིན་བོད་པ་རང་གི་རོལ་ཆའི་རིགས་ཁག་སྦྱོང་བརྡར་གཙོར་བཟུང་ཙམ་ལས། དེང་རབས་ཀྱི་འགྲོས་དང་མཐུན་པའི་བོད་ཀྱི་གླུ་གཞས་གཏོང་ལེན་དང། ཞབས་བྲོའི་གཞུང་། གཞས་མ་གཏམ། དགོད་བྲོའི་གཏམ་གླེང་སོགས་ལ་གསར་གཏོད་ཀྱི་ནུས་པ་ཧ་ཅང་ཞན་པོ་རེད་ལ། དེ་བཞིན་སྤྱིར་བཏང་གཞས་པ་ཞིག་ཟློས་གར་ཁང་དུ་དངོས་སུ་འཛུལ་ཞུགས་དང། ཟུར་ཞུགས་སོགས་བྱེད་རྒྱུར་དཀའ་ལས་ཁག་པོ་རེད།
གསུམ་པ། ཁྲོམ་ར་རྒྱ་ཆུང་བ།
དེང་གི་དུས་རབས་འདིར་ལས་དོན་གང་ཞིག་བྱས་ཀྱང་དཔལ་འབྱོར་གྱི་མཐུན་རྐྱེན་མེད་ན་སྒྲུབ་མི་ཐུབ་པ་མཁྱེན་གསལ་ལྟར། བཙན་བྱོལ་བོད་ཀྱི་གཞས་པ་རྣམས་ཀྱིས་རང་རང་གི་ངོས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འོད་སྡེར་འདོན་པའི་དཔལ་འབྱོར་མཁོ་སྒྲུབ་བྱས་རྗེས། མང་ཆེ་བས་བལ་ཡུལ་དུ་སོང་ནས་བལ་པོ་བའི་རོལ་མོ་མཁས་ཅན་དང། བརྙན་ལེན་པ། སྒྲིག་སྦྱོར་བ་བཅས་ལ་ཁ་མཁས་ཚིག་སྙན་གྱི་སྒོ་ནས་དངུལ་མང་པོ་སྤྲད་རྗེས། དེ་དག་གི་རྣམ་འགྱུར་ལེགས་ཉེས་གང་རུང་ལ་བཟོད་བསྲན་དགོས་ཤིང། དེ་བཞིན་བལ་ཡུལ་དུ་སྡོད་རིང་གི་འགྲོ་སོང་རྣམས་དང་པོ་ནས་བློས་དཔོག་པ་ཞིག་མེད་ན། གླ་བྱེད་རླངས་འཁོར་གཅིག་པུའི་འགྲོ་སོང་སྟོང་ཕྲག་མང་པོ་གཏོང་དགོས་ལ། ཁང་གླ་དང་ཟས་རིན་སོགས་དེ་བས་ལོས་ཡིན། ལྡི་ལིར་ཡོང་ནས་རྒྱ་གར་བའི་འོད་སྡེར་པར་སྐྲུན་བྱེད་སར་ཡང་ཁ་མཁས་ཚིག་སྙན་དང། ངོ་དགའ་སྤྲེལ་ལད་མང་པོ་བཤད་ནས་ཡང་དངུལ་མང་པོ་ཞིག་བཏང་དགོས་ཤིང། དེ་དག་གིས་འགྲིག་ལ་མ་འགྲིག་གི་ངང་ནས་པར་བསྐྲུན་བྱས་རྗེས་གཞི་ནས་འོད་སྡེར་རྣམས་རང་ལག་ཏུ་འབྱོར་གྱི་ཡོད། དེ་ནས་ཁྱབ་བསྒྲགས་ཀྱི་ལས་དོན་གང་ཡོད་ཚང་མ་སོ་སོས་འགྲོ་སོང་བཏང་ནས། མཐར་འོད་སྡེར་ཚོང་རར་བཀྲམ་སྐབས། གཞས་ལེགས་ཉེས་གང་ཡིན་ཡང་ཉོ་མཁན་ཧ་ཅང་དཀོན་པོ་ཡོད། ད་དུང་གཞས་པས་དཀའ་ལས་བརྒྱབ་པ་དང་འགྲོ་སོང་བཏང་བ་བཅས་ཀྱི་རྒྱབ་ལྗོངས་ཧ་མི་གོ་བར་འོད་སྡེར་གོང་ཚད་ཆེ་ལུགས་བརྗོད་ནས་ཁ་རྡུང་གཏོང་མཁན་ཡང་མི་ཉུང་བ་ཞིག་ཡོད། དེ་ལས་ཀྱང་ཐབས་སྡུག་པ་ཞིག་ལ། ཚོང་པ་ཁག་ཅིག་གིས་འོད་སྡེར་རྫུན་མ་པར་བཤུ་བྱས་ནས་ཚོང་རར་གོང་ཚད་ཁེ་པོར་འཚོང་གི་ཡོད་པས། དོ་བདག་གི་འོད་སྡེར་དག་མ་རྣམས་བྲིན་རྒྱུའི་ལམ་ཁ་འགོག་གི་ཡོད་པ་རེད། མི་སྒེར་ངོས་ནས་ཀྱང་གློག་ཀླད་དུ་པར་བཤུ་དང། ལག་ཁྱེར་ཁ་པར་ནང་དུ་གཏོང་རེས་སོགས་བྱས་ནས་འོད་སྡེར་གྱི་ཚོང་ར་ནི་མུག་ཤི་ཐེབས་ལ་ཁད་ཙམ་དུ་ལྷག་ཡོད་པ་རེད། དེར་བརྟེན་བཙན་བྱོལ་གྱི་གཞས་པ་རྣམས་འོད་སྡེར་རེ་བཏོན་ཚར་རྗེས་དངུལ་ཁུག་སྟོང་པ་ཆགས་འགྲོ་བ་རྒྱུན་གཏན་ཞིག་ཡིན། དེ་ལས་ཀྱང་ཚབས་ཆེ་བ་ནི་གཞས་པ་འགའ་ཞིག་སེམས་ཤུགས་ཆགས་ནས་མུ་མཐུད་གཞས་པ་བྱེད་རྒྱུའི་འདུན་པ་རང་ཡལ་དུ་འགྲོ་གི་ཡོད། དཔལ་འབྱོར་ཐད་དཀའ་ངལ་མང་པོ་ཞིག་འཕྲད་པའི་རྐྱེན་གྱིས་གཞས་པ་རང་ཉིད་ཀྱི་ཀུན་སྤྱོད་དང། འགན་འཁྲི་སོགས་ལ་དོ་ཕོག་དངོས་ཤུགས་བརྒྱུད་གསུམ་ནས་ཡོང་གི་ཡོད་པས། སྐབས་རེ་སྤྱི་ཚོགས་ཁྲོད་དུ་མིག་ལྟོས་ངན་པ་འཇོག་མཁན་ལྟ་བུར་ཆགས་གྲབས་བྱེད་ཀྱི་ཡོད། འོན་ཀྱང་བོད་ཕྱི་ནང་གཉིས་ནས་གཞས་པ་རྣམས་ཀྱིས་གླུ་གཞས་མང་པོ་འགྲེམས་སྤེལ་བྱས་པར་བརྟེན། དེང་སྐབས་བོད་གཞས་ལ་མཐོང་སྤྲོད་མཁན་དང། དགའ་ཞེན་བྱེད་མཁན་གང་འཚམ་ཡོང་གི་ཡོད་པ་རེད།
བཞི་པ། མཐའ་བསྡོམས་ཚིག་འགའ།
སྤྱིར་བཙན་བྱོལ་བ་ནི་གཞན་ལ་སྐྱབས་བཅོལ་མཁན་ཞིག་ཡིན་པའི་ཆ་ནས། གནས་སྟངས་གང་ཅིའི་ཐད་གྲས་རྒྱས་ཕུན་སུམ་ཚོགས་པ་ཡོང་རྒྱུ་ཁག་པོ་ཡིན་པས་དེ་ལ་འཁང་ར་བྱས་ཀྱང་འབྲས་བུ་ཡོང་རྒྱུ་མེད། འོན་ཀྱང་སྐབས་རེར་བསམ་བློ་རེ་གཏོང་སྐབས། ད་ལྟའི་དུས་རབས་འདིར་གླུ་གཞས་སྒྱུ་རྩལ་ནི་མི་རྣམས་ཀྱིས་དགའ་མོས་བྱེད་སའི་རིག་གནས་གལ་ཆེན་ཞིག་ཡིན་པ་དང། ལྷག་པར་དུ་བོད་ཀྱི་ད་ལྟའི་གནས་སྟངས་ལ་ཆ་མཚོན་ན། གླུ་གཞས་སྒྱུ་རྩལ་འདི་ཉིད་མི་རིགས་ཤིག་གི་བློ་ཁ་ཁྲིད་མཁན་དང། ཁ་ཕྱོགས་མཚོན་པར་བྱེད་མཁན་གྱི་ལག་ཆ་སྟོབས་ཤུགས་ཅན་ཞིག་ཆགས་འདུག་པས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སམ། དེ་བཞིན་བོད་མི་རེ་རེ་ནས་གླུ་གཞས་སྒྱུ་རྩལ་བ་གསོ་སྐྱོང་དང། གླུ་གཞས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་བར་འགན་འཁྲི་རེ་ཡོད་པས། ཚང་མར་དུས་ཚོད་སྟོང་པ་ཡོད་དུས་བཙན་བྱོལ་བོད་ཀྱི་སྒྱུ་རྩལ་བ་རྣམས་ལ་རྒྱུས་ལོན་ཕྲན་ཙམ་རེ་དང་བསམ་བློ་ཏོག་ཙམ་རེ་གཏོང་དགོས་ངེས་ཀྱི་གནས་སྟངས་ཤིག་ཆགས་ཡོད།།
༼ཁ་བ་དཀར་པོ༽དུས་དེབ་ལས་བཏུས།