རྒྱ་གཞུང་གིས་ཕྱི་སྡོད་བོད་མི་བསླུ་ཐབས་བྱེད་ཀྱི་འདུག

d_2012_7_26ཟླ་འདིའི་ཚེས་༢༦ ཉིན་ཚོགས་གཙོ་སྤེན་པ་ཚེ་རིང་གིས་“ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་དངུལ་དང་དངོས་པོར་མགོ་འཁོར་ནས་རྒྱ་ནག་གཞུང་ལ་མགོ་འདོགས་པ་དང། རྒྱ་ནག་གཞུང་གི་ངོས་ནས་ཐབས་ཤེས་བྱེད་པ་དེ་ལམ་ལྷོང་ཡོང་རྒྱུའི་ཆ་རྐྱེན་དེ་དག་བསྒྲུབ་མི་ཉན་སྐོར་”གསུངས་སོང་།

བོད་ཀྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་དྷ་སར་འབྱོར་བ་དང་སྟབས་བསྟུན། ཟླ་འདིའི་ཚེས་༢༦ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་ཡོད་པ་རེད། མཛད་སྒོའི་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དྲུང་ཆེ་རྣམ་པ། ཚོགས་པ་ཁག་གི་རྒྱུན་ལས་དང་། གཞུང་གི་སྲི་ཞུ་བ། དྷ་སའི་མི་མང་མཛད་སྒོར་བཅར་ཡོད་པ་རེད།

དྷ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེས་བདེན་པའི་མེ་ལྕེ་ས་གནས་ཁག་ཏུ་འབྱོར་མཚམས་ལས་འགུལ་ཇི་བྱུང་གི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་། དེ་ནས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གསུམ་ལ་ས་གནས་འགོ་འཛིན་གྱིས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་ཡོད་པ་རེད།

དེ་རྗེས་བཀའ་ཁྲི་བློ་བཟང་སེང་གིས་གསུང་བཤད་གནང་དོན། བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་དབུ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་དེ་བཞིན་རྒྱ་གར་གྱི་ས་གནས་ཁག་གསུམ་ནས་དབུ་ འཛུགས་གནང་བའི་ལས་འགུལ་འདི་བཞུགས་སྒར་རྡ་སར་འབྱོར་ཡོད། འོན་ཀྱང་ས་གནས་གཞན་ཁག་གཅིག་ནང་རིམ་བཞིན་སྐོར་སྐྱོད་གནང་རྒྱུ་ཡིན་པ་རེད། ལས་འགུལ་དེའི་ཆེད་བཀའ་ཤག་ནས་མཐུན་འགྱུར་བསྐྲུན་དགོས་ཁག་གང་ཐུབ་ཀྱིས་སྐྲུན་བཞིན་ཡོད།

དེ་བཞིན་བཀའ་ཤག་གི་བཀོད་ཁྱབ་ནང་མི་མང་རྣམས་ནས་ཀྱང་ལས་འགུལ་དེར་མཉམ་ཞུགས་གནང་དགོས་པའི་རེ་འདུན་ཞུས་ཡོད། དེར་བརྟེན་ངས་བཀའ་ཤག་གི་ཚབ་ཞུས་ཏེ། བོད་མི་དང་འཛམ་གླིང་སྤྱི་ཡོངས་ལ་ཡོད་པའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཚང་མས་སྤྱི་འཐུས་ལྷན་ཁང་ནས་དབུ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་སྤེལ་མུས་ཡིན་པ་འདིར་འཛུལ་ཞུགས་དང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་སོང།

d1_2012_7_26ཁོང་གིས་མུ་མཐུད་བོད་མིའི་རང་ལུས་མེར་སྲེག་གི་ངོ་རྒོལ་སྐོར་གསུང་དོན། རྒྱ་ནག་གཞུང་ནས་རང་ལུས་མེར་སྲེག་གཏོང་མཁན་ཚོའི་རྒྱབ་ཏུ་༧གོང་ས་ མཆོག་དང་བོད་མིའི་སྒྲིག་འཛུགས་ཡོད་སྐོར་གྱི་རྫུན་གཏམ་མང་དག་ཅིག་ཤོད་བཞིན་འདུག བོད་ནང་གི་བོད་མི་ཚོར་གཏམ་བརྗོད་སོགས་རང་དབང་མེད་སྟབས། རང་སྲོག་ཚུན་ཆད་བློས་གཏོང་གནང་གི་ཡོད། རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་འབྱུང་རྐྱེན་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་ནས་བྱུང་བ་ཞིག་རེད། གནད་དོན་དེ་དག་ང་ཚོས་ཤེས་པའི་ཐོག་ནས་ཕྱི་རྒྱལ་མི་སྣ་ཁག་ལ་འགྲེལ་བཤད་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རང་ལུས་མེར་སྲེག་གཏོང་རྒྱུ་དེ་བཞིན་བོད་པའི་སྤྱི་ཚོགས་ནང་དམིགས་བསལ་བྱུང་བ་ཞིག་མིན་པར། རྒྱལ་སྤྱིའི་ཐོག་ལ་ཡིན་རུང་རང་ལུས་མེར་སྲེག་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་གནད་དོན་དང་ངོ་བོ། རྣམ་པའི་ཐོག་ནས་བྱུང་ཡང་ང་ཚོས་ཤེས་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་ཡིན། དཔེར་ན། ལོ་རྒྱུས་ཐོག་ལོ་བརྒྱ་ཕྲག་གོང་ནས་རང་ལུས་མེར་སྲེག་གཏོང་མཁན་བྱུང་འདུག

དེ་སྔ་ཝི་ཏི་ནམ་ལ་དམག་འཁྲུག་སྐབས་དགེ་འདུན་པས་དམག་འཁྲུག་མཚམས་འཇོག་དགོས་པ་དང་རང་དབང་དགོས་ཞེས་རང་ལུས་མེར་སྲེག་བཏང་བ་བྱུང་ཡོད། གནད་དོན་དེར་རྒྱབ་སྐྱོར་ཆེད་ཨ་རི་ནས་མི་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད། དེ་བཞིན་ཡུ་རོབ་དང་རྒྱ་ནག་ནང་ལ་ཡང་བྱུང་ཡོད་པ་མ་ཟད། ཁ་ཆེའི་ལུང་པར་མང་གཙོ་དང་རང་དབང་རྩོད་སྐབས་རང་ལུས་མེར་སྲེག་གཏོང་མཁན་བྱུང་ འདུག རང་ལུས་མེར་སྲེག་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ངོ་རྒོལ་རྣམ་པ་གསལ་སྟོན་བྱེད་ ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་བོད་ནང་གི་བོད་མིས་རྒྱ་ནག་གཞུང་གི་སྲིད་བྱུས་འོག་གནས་ཐབས་མི་ འདུག་ཅེས་དེ་ལྟར་གནང་བཞིན་ཡོད། གནད་དོན་དེས་རྒྱ་ནག་གཞུང་གི་སྲིད་བྱུས་དྲང་པོ་མེད་པ་གསལ་སྟོན་བྱེད་བཞིན་ཡོད་ཅེས་གསུངས་སོང་།

བཀའ་ཁྲིས་བཙན་བྱོལ་ནང་གི་མི་ཚོར་དམིགས་ནས་གསུང་དོན། བོད་ནང་གི་བོད་མི་ཚོས་རང་སྲོག་བློས་གཏོང་གནང་བ་དེ་དག་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་མ་བརྗེད་པ་བྱེད་དགོས་པ་མ་ཟད། ཁོང་རྣམ་པའི་མངོན་འདོད་འཛམ་གླིང་སྟེང་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་གྱི་ཆེད་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་མང་དག་སྤེལ་ཡོད། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སོགས་ནས་ལས་འགུལ་མང་པོ་ཞིག་སྤེལ་ཡོད། མདོར་ན། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ཀྱི་རེ་བ་སྒྲུབ་ཆེད་ང་ཚོས་ཕྱར་གྲུ་མཉམ་འདེགས་ཐོག་དཀའ་ལས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུང་བཤད་གནང་ཡོད་པ་རེད།

d2_2012_7_26མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་དོན། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གང་འདྲ་ཞིག་གི་འོག་འགྲོ་བཞིན་པ་དེ་བསྐྱར་བཤད་བྱེད་མ་དགོས་པ་ཚང་མས་མཁྱེན་གསལ་རེད། གཞིས་བཞུགས་བོད་མིའི་མངོན་འདོད་དང་། ཁོང་རྣམ་པས་རང་སྲོག་འབེན་ལ་བཙུགས་ཏེ་འགན་འཁུར་གྱིས་ལས་འགུལ་སྤེལ་བ་དེ་འཛམ་གླིང་ཁྱོན་ཡོངས་ལ་ངོ་སྤྲོད་ཡང་དག་པ་ཞིག་བྱེད་རྒྱུའི་འགན་འཁྲི་གཙོ་བོ་བཙན་བྱོལ་དུ་ཡོད་པའི་ང་ཚོ་བོད་མི་ཚོར་ཡོད། དེའི་ནང་ནས་འཛིན་སྐྱོང་བཀའ་ཤག་གིས་འགན་གཙོ་བོ་བཞེས་དགོས་ཀྱི་ཡོད།

འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པ་གཙོས་བཀའ་བློན་རྣམ་པ་མང་ཆེ་བས་བར་ལམ་ཟླ་བ་གཅིག་གཉིས་ནང་ཕྱི་རྒྱལ་དུ་བོད་མི་གནས་སྡོད་བྱེད་སའི་ས་གནས་ཙམ་མ་ཟད། ས་ཁུལ་གཞན་མང་པོ་ཞིག་ཏུ་ཕེབས་ཏེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བོད་མི་དང་། ཕྱིའི་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་ཁག་ལ་ངོ་སྤྲོད་གནང་བའི་ཐོག་ཁོང་རྣམ་པའི་རྒྱབ་སྐྱོར་ཐོབ་ཐུབ་པའི་ལས་འགན་ཤུགས་ཆེ་བཞེས་བཞིན་ཡོད།  ཐུགས་སྣང་གནང་མཁན་ཚོས་དྲ་རྒྱ་དང་། རླུང་འཕྲིན། གསར་ཤོག་བཅས་བརྒྱུད་ལམ་ཁག་ནང་མཐོང་རྒྱུ་ཡོད་ཅེས་གསུངས་སོང་།

ཚོགས་གཙོས་མུ་མཐུས་སྤྱི་འཐུས་ཀྱིས་ལས་དོན་བྱེད་ཕྱོགས་སྐོར་གསུང་དོན། རྩ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་ཡོད་པ་མ་ཟད། ཁྲིམས་བཟོ་མཁན་གྱི་སྒྲིག་འཛུགས་ཆེ་ཤོས་ཡིན། འོན་ཀྱང་ད་ལྟའི་ང་ཚོ་བོད་ནང་གི་ཛ་དྲག་གནས་སྟངས་དང་ལྷག་པར་ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་ལ་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཁྲིམས་བཟོའི་འཐུས་མི་རྐྱང་པ་ཡིན་བསམ་སྟེ་བསྡད་ན་ཕན་ཐོགས་མེད་པ་གསལ་པོ་རེད། དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་བོད་པའི་འཐབ་རྩོད་ལ་མཐའ་མའི་རྒྱལ་ཁ་མ་ཐོབ་བར་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཡིན་ནའང་། རྒྱ་གར་དང་རྒྱལ་སྤྱིའི་ནང་གང་ཐུབ་ཅི་ཐུབ་སོ་སོའི་ནུས་པ་བཏོན་ཏེ་ལས་འགུལ་སྤེལ་བཞིན་ཡོད། ད་ལྟ་འགྲོ་བཞིན་པའི་བདེན་པའི་མེ་ལྕེའི་ལས་འགུལ་ལྟ་བུར་མཚོན་ན། ཟླ་བ་མང་པོ་ཞིག་གི་རིང་གོ་བསྡུར་གནང་བ་དང་འབྲེལ་ལས་རིམ་བང་སྒྲིག་རྒྱུ་ལ་སོགས་པའི་གནད་དོན་མང་པོ་ཞིག་གི་ཐོག་ད་ལྟ་རྒྱུག་བཞིན་ཡོད།

སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་ནང་སྐད་ཆ་འདྲ་མིན་ཤོད་མཁན་ཡོད། ལས་འགུལ་སྤེལ་མ་སྤེལ་ཐོག་འགྲིག་མ་འགྲིག་ཤོད་མཁན་མང་པོ་ཡོད། ང་རང་ཚོའི་འགན་དེ་ང་ཚོའི་འཁྱེར་དགོས་ཀྱི་རེད། ཐེངས་འདིའི་ལས་འགུལ་ལྟ་བུ་དུས་ཚོད་ཡུན་རིང་དང་གཞི་རྒྱ་ཆེན་པོ་འདི་འདྲ་ཕལ་ ཆེར་དེ་སྔ་བྱུང་ཨེ་ཡོད་བསམ་གྱི་འདུག ལས་འགུལ་འདི་བརྒྱུད་བོད་མི་གནས་སྡོད་ས་གནས་ཁག་ཡོངས་རྫོགས་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་རྒྱུ་དང། བོད་རིགས་ཚང་མ་ལས་འགུལ་འདིའི་ནང་མཉམ་ཞུགས་བྱེད་ཐུབ་རྒྱུའི་གོ་སྐབས་བསྐྲུན་གྱི་ཡོད། དེ་དང་སྟབས་བསྟུན་ས་གནས་ཁག་ཏུ་བདེན་པའི་མེ་ལྕེ་མ་འབྱོར་གོང་དང་འབྱོར་ཚར་བའི་རྗེས་སུའང་ས་རྟགས་བསྡུ་རུབ་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་ཆབས་ཅིག་རྒྱབ་སྐྱོར་ཐོབ་ཐབས་བྱས་ཡོད།

དེ་བཞིན་རྒྱ་གར་ནང་ཆ་བཞག་ན་མངའ་སྡེ་རེ་རེའི་ནང་མངའ་སྡེའི་གཞུང་སོ་སོར་སྙན་ཞུ་འབུལ་རྒྱུས་མཚོན་གསར་འགོད་ལྷན་ཚོགས་འཚོགས་རྒྱུ། ང་ཚོར་དུས་རྒྱུན་དུ་རྒྱབ་སྐྱོར་བྱེད་མཁན་དང་དེ་སྔ་རྒྱབ་སྐྱོར་བྱེད་མྱོང་ མཁན། མ་འོངས་པར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་པ་རྣམས་གདན་ཞུས་ཀྱིས་བོད་མིར་ རྒྱབ་སྐྱོར་མཚོན་ཆེད་གསུང་བཤད་གནང་རྒྱུའི་གོ་སྐབས་བླངས་ཡོད། རྒྱ་གར་ནང་ཁ་སྔོན་འཁྲུངས་སྐར་དུས་ཆེན་སྐབས་ནས་འགོ་བཙུགས་པ་རེད། དེ་བཞིན་ཡུ་རོབ་དང་བྱང་ཨ་རིའི་ཁུལ་དུ་ཕྱི་ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་ཉིན་འགོ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡༠ བར་མཇུག་སྒྲིལ་བྱ་རྒྱུའི་བང་སྒྲིག་ཡོད། ཅེས་གསུངས་སོང་།

ཚོགས་གཙོ་མཆོག་གིས་གསུང་དོན། ཉེ་ཆར་གོ་ཐོས་བྱུང་བ་ཞིག་ལ་རྒྱ་ནག་གཞུང་གི་བོད་ནང་སྲིད་བྱུས་འཛིན་སྟངས་ཐོག་ཕྱི་སྡོད་བོད་མི་རྣམས་ལ་དངུལ་དང་དངོས་པོ། ཡང་ན་ཞབས་སྟེགས་སྤྲད་དེ་བསླུ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་གསལ་པོ་འདུག ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་དངུལ་དང་དངོས་པོར་མགོ་འཁོར་ནས་རྒྱ་ནག་གཞུང་ལ་མགོ་འདོགས་པ་དང། རྒྱ་ནག་གཞུང་གི་ངོས་ནས་ཐབས་ཤེས་བྱེད་པ་དེ་ལམ་ལྷོང་ཡོང་རྒྱུའི་ཆ་རྐྱེན་དེ་དག་བསྒྲུབ་ན། ས་ཁུལ་གཞན་ཡོངས་རྫོགས་ལ་བེད་སྤྱོད་གཏོང་རྒྱུ་ཡིན་པ་བཤད་མི་དགོས་པ་རེད།

རྒྱ་ནག་གཞུང་གི་ད་ལྟ་བར་ས་ཁུལ་གཅིག་ལ་སྲིད་བྱུས་གཅིག་ལག་བསྟར་བྱས་པ་དེ་ ལམ་ལྷོང་ཕྱིན་ན། དེ་ས་ཁུལ་གཞན་ཁག་ལ་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པར་བརྟེན།རྒྱ་ནག་གཞུང་ གིས་བོད་ནང་འཛིན་བཞིན་པའི་མཁྲེགས་བཟུང་གི་སྲིད་བྱུས་ཐོག་བོད་མི་ཚོར་བསླུ་ བྲིད་བྱ་རྒྱུའི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་དང་བྱེད་བཞིན་ཡོད།

བོད་ནང་བྱེད་སྟངས་དང་ལྷག་པར་རྒྱལ་སྤྱིའི་ནང་རྙོག་གྲ་ཆེ་ཤོས་སི་རི་ཡའི་ནང་ཆགས་ཡོད། སི་རི་ཡའི་རྙོག་གྲ་ལྟ་བུར་མཚོན་ན། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་ནུབ་ཕྱོགས་ཀྱི་མང་གཙོའི་རྒྱལ་ཁབ་ཀྱིས་སི་རི་ ཡའི་ནང་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཕུལ་བ་དེ་དག་ལ་འགོག་རྐྱེན་བཟོ་སྟངས་ལ་ ལྟས་ན། ཕྱོགས་གཅིག་ནས་རྒྱ་ནག་ནང་འགོ་ཁྲིད་ཀྱི་འགྲན་བསྡུར་མང་པོ་ཞིག་འགྲོ་བཞིན་ཡོད། ཕྱོགས་གཉིས་ནས་ད་ལྟའི་རྒྱལ་སྤྱིའི་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་ དེ་ནས་བསླབ་བྱ་མ་ལེན་པར་བོད་ནང་མུ་མཐུད་གདུག་རྩུབ་ཤུགས་ཆེ་རུ་བཏང་བ་མ་ཟད། འཛམ་གླིང་སྟེང་འགན་མ་འཁྱེར་མཁན་གྱི་རྒྱལ་ཁབ་དེ་ཚོར་རྒྱབ་སྐྱོར་བྱེད་མཁན་ དཔོན་རིགས་ཚོར་རྒྱབ་སྐྱོར་ཞུ་རྒྱུར་རྒྱ་ནག་གཞུང་གིས་མུ་མཐུད་རྒྱབ་སྐྱོར་ བྱེད་བཞིན་ཡོད་པ་གསལ་པོ་རེད།

དེར་བརྟེན་ང་ཚོ་བོད་པའི་དཀའ་ངལ་ལམ་སང་སེལ་ཐུབ་ཀྱི་རེད་ཅེས་ཞུ་རྒྱུ་ཁག་ པོ་རེད། འོན་ཀྱང་འདི་ལྟ་བུའི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་ཡོད་པ་རེད།།

དེ་རིང་ཕྱི་ཚེས་ ༢༦ ཉིན་བཞུགས་སྒར་མེག་གྷན་ཁུལ་གནས་མི་མང་རྣམ་པར་བདེན་པའི་མེ་ལྕེ་སྐོར་སྐྱོད་ བརྒྱུད་སྤྲོད་དང་མཚན་རྟགས་བསྡུ་རུབ་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༢༧ ཉིན་གངས་སྐྱིད་ཁུལ་དུ་ལྷན་ཁང་ཁག་གི་ལས་བྱེད་རྣམ་པར་བརྒྱུད་སྤྲོད་ཀྱི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད།།