རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་སྟོན་ཉེས་བྱུང་བཞིན་པ།
འདི་ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་ཆར་ཆུ་དུས་སུ་མ་བབ་པའི་རྐྱེན་གྱིས་སྟོན་ཐོག་བརྒྱ་ཆ་ལྔ་བཅུ་ནས་བརྒྱད་ཅུ་བར་ཕན་མེད་དུ་འགྱུར་བཞིན་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེ། མེ་སོར་རྫོང་ཁོངས་སྦེལ་ཀོབ་ས་ཁུལ་དུ་བོད་མིའི་གཞིས་ཆགས་སྔ་ཤོས་ལུགས་ཟུང་བསམ་འགྲུབ་གླིང་དང་བདེ་སྐྱིད་སླར་གསོ་སྟེ་སོ་ནམ་གཞིས་ཆགས་ཁག་གཉིས་ཡོད་པ་དང་། གཞིས་ཆགས་ཀྱི་མི་སེར་སྤྱི་དང་ལྷག་པར་ཕྱི་རྒྱལ་དུ་ནང་མི་མེད་པ་དང་། ཚོང་ལས་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་དག་གཙོ་བོ་སོ་ནམ་ཞིང་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། ས་གནས་སུ་ལོ་ལྟར་ཕྱི་ཟླ་༥ པའི་ཟླ་སྟོད་ནས་སོ་ནམ་འདེབས་ལས་བྱེད་འགོ་བརྩམས་ཡོད་པ་དང་། ཕྱི་ཟླ་༦ པ་ནས་ཆར་དུས་འགོ་འཛུགས་ཀྱི་ཡོད་པར་བརྟེན། སྟོན་ཉེས་འབྱུང་བའི་དཀའ་ངལ་ཧ་ཅང་ཉུང་ཉུང་ཡིན་པ་རེད། འོན་ཀྱང་ད་ལོར་ཆར་ཆུ་དུས་སུ་མ་བབ་པར་བརྟེན། ས་གནས་གཞིས་ལས་ཁང་ཁག་དང་། མཉམ་འབྲེལ། གྲོང་སྡེ་སྤྱི་མི་སོགས་ཀྱིས་འགན་ཁུར་འོག་ཆར་འབེབ་རིམ་འགྲོ་གང་མང་བསྒྲུབ་ཡོད་ཀྱང་། སྟོན་ཐོག་ལ་ཕན་པའི་ཆར་ཆུ་འབབ་ཐུབ་ཀྱི་མེད་པས། ས་གནས་སུ་སྟོན་ཐོག་བརྒྱ་ཆ་ལྔ་བཅུ་ནས་བརྒྱད་ཅུ་བར་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པ་རེད།
གནས་ཚུལ་འདིའི་སྐོར་ལ་བདེ་སྐྱིད་སླར་གསོའི་གཞིས་གྲོང་བཞི་པའི་སོ་ནམ་པ་སེང་ཆུང་ནོར་བུས་བརྗོད་དོན། “འདི་ལོར་ཆར་ཆུ་དུས་སུ་མ་བབ་པའི་རྐྱེན་གྱིས་ང་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། སྤྱི་ཡོངས་ནས་བཤད་ན་ས་གནས་ཀྱི་ཞིང་ས་ཡག་སྡུག་གི་ཁྱད་པར་ཡོད་པ་རེད། ཞིང་ས་ཡག་པོ་ཡོད་ས་ནས་ཕར་ཆེར་སྟོན་ཐོག་བརྒྱ་ཆ་ལྔ་བཅུ་ཙམ་ལས་ཕན་ཐོགས་མེད་པ་ཆགས་ཚར་བ་རེད། ཞིང་ས་སྡུག་ས་དག་ནས་ཕར་ཆེར་བརྒྱ་ཆ་ལྔའམ་བཅུ་ཙམ་ལས་ཕན་ཐོགས་ཡོད་པ་མཐོང་གི་མི་འདུག” ཅེས་དང་། ཁོས་མུ་མཐུད་དུ་ས་གནས་སུ་སྟོན་ཉེས་བྱུང་ན་མཇུག་འབྲས་མི་མང་དང་མཉམ་འབྲེལ་ལ་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད་དོན། “སྟོན་ཐོག་བརྒྱ་ཆ་ལྔ་བཅུ་མ་ལོན་ན། ཞིང་པའི་འགྲོ་སོང་དང་སྟོན་འབྲས་ཀྱི་ཡོང་འབབ་ཁ་འདུམ་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་རེད། སྟོན་འབྲས་བརྒྱ་ཆ་ལྔའམ་བཅུ་ཙམ་ལས་མ་ལོན་པའི་ཞིང་སའི་ཐོན་འབྲས་ཀྱི་ཡོང་འབབ་ཀྱིས་ཐོག་མའི་འགྲོ་སོང་ཡང་གསོ་ཐུབ་ཀྱི་མ་རེད། ནམ་རྒྱུན་མཉམ་འབྲེལ་ནས་གཞིས་ཆགས་མི་མང་ལ་ཧིན་སྒོར་འབུམ་དྲུག་ཅུ་བདུན་ཅུ་བུ་ལོན་གཏོང་གི་ཡོད་རེད། དེར་བརྟེན་སྟོན་འབྲས་བརྒྱ་ཆ་ལྔ་བཅུ་ཙམ་ལས་མ་བྱུང་བ་ཡིན་ན། ཞིང་པ་མི་མང་གིས་མཉམ་འབྲེལ་ལ་བུ་ལོན་སོད་ཀྱི་མ་རེད། དེ་ནས་མཉམ་འབྲེལ་ལ་ཡང་དཀའ་ངལ་འཕྲད་ཀྱི་རེད་ལ་མི་མང་ལ་ཡང་དཀའ་ངལ་ཡོད་པ་རེད། ང་རང་ཉིད་ལ་ས་ཞིང་ཡག་སྡུག་གཉིས་ཡོད་པ་ལས་ཆ་སྙོམ་བྱས་ན་སྟོན་འབྲས་བརྒྱ་ཆ་བཞི་བཅུ་ཙམ་ལེན་རྒྱུ་ཡོད་པར་རེ་བ་བྱེད་ཀྱི་ཡོད། ”ཅེས་བརྗོད་སོང་།
ཆར་ཆུ་དུས་སུ་མ་བབ་པ་ནི་སྦེལ་ཀོབ་ས་ཁུལ་གཅིག་པུ་ཙམ་མ་ཡིན་པར། རྒྱ་གར་ལྷོ་ཕྱོགས་ཁུལ་དང་། ལྷག་པར་ཀར་ཎ་ཊ་ཀའི་མངའ་སྡེའི་ཁུལ་དུ་དཀའ་ངལ་ཆེན་པོ་ཆགས་བཞིན་ཡོད་པ་རེད་འདུག འདི་ལོ་སྦེལ་ཀོབ་ཁུལ་དུ་སྟོན་ཉེས་བྱུང་བ་ནི་ས་གནས་སུ་སྟོན་ཉེས་བྱུང་བ་ཐེངས་གསུམ་པ་དེ་ཡིན་པ་དང་། སྟོན་ཉེས་ཀྱི་དཀའ་ངལ་ཆེན་པོ་འཕྲད་པ་ཡིན་ན་བཙན་བྱོལ་གཞུང་གི་ངོས་ནས་འབྲེལ་ཡོད་མི་མང་ལ་གཟིགས་རྟོགས་གནང་རྒྱུའི་རེ་བའང་བྱེད་བཞིན་ཡོད་པ་རེད། ས་གནས་ཀྱི་སྟོན་ཐོག་མང་ཆེ་བ་ཨ་ཤོམ་ཡིན་པ་དང་། དེ་མིན་དེང་སྐབས་གཞོན་སྐྱེས་ཁག་ཅིག་ལ་ཤིང་སྡོང་སིལ་བུར་ཅེས་པ་འཛུགས་རྒྱུར་དོ་སྣང་སླེབ་བཞིན་ཡོད་པས། ས་གནས་སུ་སིལ་བུར་བཙུགས་པའི་ཞིང་ཁ་སྔར་ལས་མང་བ་མཐོང་རྒྱུ་ཡོད་པ་རེད། འོན་ཀྱང་སིལ་བུར་འཛུགས་མཁན་དག་ལ་དེ་ཙམ་ཆར་ཆུ་དུས་སུ་མ་བབ་པས་དཀའ་ངལ་མེད་པ་རེད་འདུག མེ་སོར་གསར་འགོད་པས།