སྣེ་ཁྲིད་ཀྱི་ནུས་པ་ལྡན་ན་གོ་སྐབས་འདི་ཤོར་མི་རུང་།

ལོ་རབས་བཞི་བཅུའི་ནང་བར་བོད་ལ་གོད་སྡུག་ཆགས་རང་མ་བྱུང་ལབ་ན་ཁག་ཅིག་གིས་འགྲིག་ཚོད་འདྲ་བཤད་ཀྱིན་ཡོད། འོན་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་སྐད་ཆའི་འོག་ནས་སྐད་ཆ་དེ་ཏན་ཏན་བདེན་པ་རེད། གང་ལྟར་ལྔ་བཅུ་ང་གཅིག་ལོར་བོད་ཀྱི་བདག་དབང་ཤོར་བས་མ་ཚད། བོད་མི་འབུམ་ལྷག་དམར་གསོད་ཐེབས་ཡོད། འདི་ནས་ཧ་གོ་དགོས་པ་ཞིག་ལ། བོད་ཀྱི་ཕྱིའི་སྣོད་ཀྱི་རང་བཙན་ཤོར་ཡོད་དེ། ནང་བཅུད་ཀྱི་སེམས་ཅན་དང་། རིག་གཞུང་གི་བདག་དབང་དེ་ཤོར་མེད་པ་ཧ་གོ་དགོས། མང་ཤོས་ཀྱིས་འདི་ཚོ་དབྱེ་བ་འབྱེད་མ་པ་འདུག

ལུང་པ་གཞན་དང་བསྡུར་ན་འདི་ནི་ང་ཚོའི་གཟི་བརྗིད་དང་། ཕྱིའི་སྣོད་ཀྱི་རང་བཙན་སྐྱར་གསོ་བྱེད་པར་ཆ་རྐྱེན་བླ་ན་མེད་པ་དེ་ཡིན། ཡིན་ནའང་ང་ཚོས་ནོར་ཚབས་ཆེན་པོ་ཞིག་བྱས་པ་ནི། ངོས་ལེན་ཐུབ་དགོས། གལ་སྲིད་ངོས་ལེན་མ་བྱས་ཀྱང་། ལོ་རྒྱུས་ཀྱི་འོག་ནས་ང་ཚོས་གཡོལ་ས་མི་རག་ཁོ་ཐག་ཡིན། ངོས་ལེན་དགོས་པ་དེ་གང་རེད་དམ། དེ་ནི་རང་བཙན་ནས་ཆེས་མཐོའི་རང་སྐྱོང་། དེ་ནས་དབུ་མའི་ལམ་སོགས་སུ་ཕྱི་སྣུར་བྱས་པ་འདི་རེད།

ནོར་འཁྲུལ་བྱས་པ་འདིའི་ནང་ནས་ག་རེ་མཐོང་གི་འདུག་པས། བོད་མིའི་ཆོད་སེམས་དང་སྙིང་སྟོབས་ལ་ཡིད་ཆེས་མེད་པ་དང་གཅིག མི་རིགས་དང་རིག་གཞུང་གི་རང་བཙན་ཤོར་མེད་པ་དག་ངོས་མ་ཟིན་པ་དང་གཉིས་བཅས་མཐོང་གི་ཡོད། བོད་མིའི་སྙིང་སྟོབས་ལ་མཚོན་ན། གྲི་དང་དཔུང་པས་མེ་སྦྱོགས་དང་མེ་མདའི་ཁ་གཏད་བཅག་ནས་བཙན་བྱོལ་མི་རིགས་ཀྱི་གཞི་རྩ་བཙུགས་ཐུབ་པའི་ལོ་རྒྱུས་ཡོད་མཁན་རེད་ལ། རིག་གཞུང་དང་སྲོལ་རྒྱུན་བདག་ཉར་ཡོད་པའི་སྟེང་། ལོ་ལྔ་བཅུའི་ནང་དུ་རྒྱ་གར་དང་བལ་པོ། འབྲུག་དང་འབྲས་ལྗོངས་ཀྱིས་མཚོན་པའི་ཡུལ་མི་ཚོ་ལས། བོད་མའི་ཁ་རྗེ་དབང་ཐང་དར་རྒྱས་གཏོང་ཐུབ་ཡོད་མཁན་ཞིག་རེད།

ད་ལྟ་གོ་སྐབས་ཤིག་ཤར་ཡོད་པ་ནི། བློ་བཟང་སེང་གེས། གོ་སྐབས་ཤར་དུས་ཏག་ཏག་འཛིན་ཐུབ་དགོས་རེད། གོ་སྐབས་དེ་ཤོར་ན་གྲུབ་འབྲས་བརླག་སོང་པ་རེད་ཟེར་བ་དེ་ལག་ལེན་དགོས་པའི་གོ་སྐབས་དེ་ཤར་ཡོད། དེ་གང་རེད། དེ་ནི་ད་ལྟའི་བཀའ་ཤག་གིས། དད་པ་དང་དམ་ཚིག་གི་ནང་སྙིང་ཞིག་ལ་མགོ་བོ་སྒུར་སྒུར་བྱས་ནས་དུས་ཚོད་མ་གཅོད་པ། གནས་སྐབས་ཀྱི་མི་ཁ་བཤག་ནས། ཕྱིར་རང་བཙན་ཐོག་བབ་དགོས་པ་འདི་རེད།

ད་ལྟ་ནི་༸གོང་ས་མཆོག་ཞལ་བཞུགས་ཡོད་པ་དང་། འཛམ་གླིང་ཕྱོགས་ཡོངས་ཀྱིས་རོགས་སྐྱོར་ཡོད་པ། བོད་ནང་གི་བོད་མི་ཚོའི་བཀའ་དྲིན་དང་། བཙན་བྱོལ་བོད་མི་ཚོའི་ཐབས་མཁས་ཐུགས་རྗེ་འདི་དག་གིས་བོད་དོན་འདི་ཚ་བོ་ཚ་བོ་ཡོད་པ་རེད། གལ་སྲིད་ད་ལྟའི་གོ་སྐབས་འདི་འཛིན་མ་ཐུབ་ཚེ། གོ་སྐབས་འདི་ཡང་སྐྱར་ཤར་རྒྱུར་བོད་མི་མང་པོའི་ཚེ་སྲོག་གཏོང་དགོས་སྲིད་པ་སོགས་ཀྱི་ཉེན་འཚབ་མང་པོ་ཡོད་ལ། གཅིག་བྱས་ན་གཏན་ནས་ཤར་མི་སྲིད་པའང་སྲིད།

ཟམ་གདོང་བླ་མས། ངས་ལོ་བཅུའི་རིང་བླ་མའི་བཀའ་སྒྲུབ་བསྡད་པ་ལས། བོད་དོན་ཟེར་ཅང་ལས་མེད་ཅེས་པ་འདིས་ལོ་རྒྱུས་ཀྱི་ནག་ཉེས་ཏག་ཏག་ཁུར་ཡོད་ལ། ལོ་ངོ་བཅུ་འདིས་ཚེ་སྲོག་མང་པོ་མང་པོ་ཞིག་བཅད་ཡོད།  སྤྱིར་ན་བོད་མིས་གདམ་པའི་མི་དེས་བོད་དོན་བྱེད་དགོས་པ་ལས། བླ་མའི་བཀའ་ཡིས་སྲིད་སྐྱོང་དུ་བསྐོས་མེད་པ་དང་། གོ་སྐབས་ཤར་དུས་འཛིན་དགོས་རེད་གསུང་པ་ལྟར་ན། གོ་སྐབས་འདི་ཤོར་བཅུག་མི་རུང་། གོ་སྐབས་འདི་མི་ཤོར་བའི་འགག་སྒོ་གཅིག་རང་ཡོད་པ་ནི། སྣེ་ཁྲིད་ཀྱིས་སྣེ་ཁྲིད་ཐུབ་མིན་ལས་ཅང་ལྷག་མེད། མང་ཚོགས་ཀྱི་མངོན་འདོད་དང་བསམ་ཚུལ་ནི། དྲ་བ་དང་ཚོགས་ཆེན་སྔོན་མ་དག་གི་ནང་དུ་གསལ་གསལ་བྱུང་ཡོད་ལ། ད་རེས་ཀྱང་ཤུགས་ཆེན་ཡོང་ངེས་རེད།