གཅན་ཚ་བས་བསྔོ་སྨོན་མཆོད་འབུལ།
དེ་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མདོ་སྨད་མཚོ་སྔོན་གཅན་ཚ་བ་ཐུན་མོང་གི་འགོ་སྒྲིག་འོག བོད་བསྟན་སྲིད་ཆེད་རང་སྲོག་ཤོར་མཁན་ཚོར་བསྔོ་སྨོན་ཞིག་འཚོགས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༣ ཉིན་གྱི་སྔ་དྲོ་དྷ་ས་ཐེག་ཆེན་ཆེན་གཙུག་ཁང་གི་བསྔོ་སྨོན་དེའི་ཐོག ཀིརྟི་རིན་པོ་ཆེ་དབུ་བཞུགས་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གཙོས་གཞུང་འབྲེལ་མིན་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ངྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་འདུ་འཛོམས་བྱུང་ཡོད་པ་རེད།
བསྔོ་སྨོན་མཆོད་འབུལ་འདིའི་དམིགས་ཡུལ་གཙོ་བོ་ནི། བོད་ཕྱི་ནང་གཉིས་སུ་བོད་དོན་འཐབ་རྩེད་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བའི་བོད་མི་ཡོངས་དང་། རྒྱ་དམག་གི་མེ་མདས་དམར་གསོད་བཏང་བའི་བོད་མི། དེ་བཞིན་རང་ཤི་བརྒྱབ་སོགས་བྱུང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ཡིན་ཞེས་གོ་སྒྲིག་པས་བརྗོད་འདུག །
མདོ་སྨད་མཚོ་སྔོན་གཅན་ཚ་བ་ཐུན་མོང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་དོན་ཆེད་དཀའ་སྡུག་སྣ་ཚོགས་མྱངས་དང་མྱོང་བཞིན་པ་རྣམས་འཕྲལ་ཡུན་ཀུན་ཏུ་བདེ་བ། ཁྱད་པར་དུ་སྤྱི་ལོ་ ༡༩༩༨།༤།༢༧ ཉིན་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་རང་ལུས་མེར་སྲེག་གནང་བ་ནས་ད་ལྟ་ལ་ཐུག་གི་བར་དུ། གཞིས་བྱེས་གཉིས་སུ་བོད་སྤྱི་པའི་དོན་དུ་རང་ཉིད་མེར་བསྲེགས་པ་དང་མཚོན་གྱིས་བསྣུན་པ། ཆུར་མཆོངས་པ། རྒྱ་དམར་གྱི་མེ་མདའི་འོག་གྲོངས་པ་སོགས་རིས་སུ་མ་མཆིས་པའི་ཆོལ་གསུམ་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་དེ་དག་གི་ནང་མི་ཉེ་འབྲེལ་སོགས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་སྟབས་བདེ་ཞིག་བཀོད་སྒྲིག་ཞུས་པ་ཡིན་ཞེས་སོགས་འཁོད་ཡོད་པ་རེད།