པེ་ཅིང་གི་སྲིད་བྱུས་རྒྱ་ནག་གི་ཡུ་རོབ་གཞུང་ཚབ་པས་བསྐྱར་བརྗོད།
ཡུ་རོབ་གྲོས་ཚོགས་ཀྱི་བརྙན་དེབ་ཀྱིས་རྒྱ་ནག་གི་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་ཚབ་པ་ཝུ་ཧེ་ལོང་ལ་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཡར་རྒྱས་སྐོར་བཅར་འདྲི།
གྲོས་ཚོགས་བརྙན་དེབ། དེང་རབས་ཅན་དུ་འགྱུར་བཞིན་པའི་བརྒྱུད་རིམ་ཁྲོད་དང་། ལྷག་པར་དུ་དཔལ་འབྱོར་ཡར་རྒྱས་མགྱོགས་པོར་འགྲོ་བཞིན་པའི་སྐབས་སུ། བོད་མི་ཚོས་ཁོང་ཚོའི་སྲོལ་རྒྱུན་གྱི་གོམས་སྲོལ་དང་འཚོ་བའི་གོམས་སྲོལ་གཅེས་སྲུང་བྱེད་ཐུབ་བམ། ཡུ་རོབ་ལ་མཚོན་ན་གནད་དོན་འདིའི་ཐད་ལ་འདས་པའི་ལོ་རྒྱུས་ནང་སྣ་སུན་ངན་པ་ཞིག་ཐེབས་ཡོད།
ཝུ་ཧེ་ལོང་། བོད་ལ་བརྗིད་ཉམས་དང་ཡ་མཚན་ཧ་ཅང་ཆེ་ཤོས་ཀྱི་ཡུལ་གྱི་བཀོད་པ་ཐུན་མིན་གྱིས་ཡིད་དབང་འཕྲོག་པ་དུ་མ་ཡོད་པ་རེད། ཡུ་རོབ་པ་འགའ་ཤས་ཀྱི་འཛམ་བུ་གླིང་གི་ཆ་ཤས་འདི་ལ་ཆེས་མཛེས་ཤོས་ཀྱི་ལྷ་ཡུལ་ལམ་ཤམ་བྷ་ལ་(Shangrila)ཞེས་བརྗོད་ཀྱི་ཡོད་རེད། ཡིན་ན་ཡང་། མཚམས་རེ་ངའི་བསམ་པར། མཛེས་སྡུག་དེར་མ་བསམ་མ་དཔྱད་པར་རི་བོང་ཅལ་འདྲོགས་ཀྱིས་ངོས་འཛིན་བྱས་འདུག མི་འགའ་ཤས་ཀྱིས་ཤམ་བྷ་ལ་ནི་སྔ་མ་གང་འདྲ་ཡོད་ཀྱང་ད་ལྟའང་དེ་འདྲ་དགོས་ཀྱི་རེད་ཚོར་གྱི་ཡོད་རེད། ཡང་སྙིང་དེ་ནི་དེང་རབས་དཔལ་ཡོན་ནས་ཕྱིར་ཐོན་ཏེ་རྟག་ཏུ་འགྱུར་བ་མེད་པར་གནས་དགོས་ཀྱི་ཡོད་པ་རེད། ངས་གོ་ཐོས་ལ་ད་དུང་མི་འགའ་ཤས་ཀྱིས་འདས་པའི་བོད་ནི་དེང་དུས་ཀྱི་བོད་ལས་ཧ་ཅང་ཡག་པོ་ཡོད་སྐོར་ཤོད་ཀྱི་ཡོད་པ་རེད། དེ་ནི་བོད་ལ་ཕྱོགས་ལྷུང་གི་ལྟ་ཚུལ་ཞིག་རེད། འགྲོ་བ་མིའི་དཔལ་ཡོན་གྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས། བོད་དེ་རང་བཞིན་གྱི་འགྱུར་བ་དང་ཡར་རྒྱས་འགྲོ་ཡི་རེད། འཛམ་བུ་གླིང་ཁྱོན་ཡོངས་ལྷན་གཅིག་ཏུ་ཡར་རྒྱས་མདུན་སྐྱོད་བྱེད་བཞིན་ཡོད་ལ། བོད་ཀྱང་དེ་དེ་བཞིན་གྱི་ཡར་རྒྱས་འགྲོ་དགོས་ཀྱི་རེད། ངས་བོད་ནང་དུ་ལོ་རྒྱུས་ཀྱི་ལྟ་ཕྱོགས་ནས་ཡར་རྒྱས་འགྲོ་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་བྱེད་འདོད་བྱུང་།
ཕྱི་ལོ་༡༩༥༩ ལོའི་བར་བོད་དེ་ཞིང་བྲན་ཚེ་གཡོག་ལམ་ལུགས་འོག་འཛིན་སྐྱོང་བྱས་པ་རེད། སྤྱི་ཚོགས་ཀྱི་ལམ་ལུགས་དེའི་འོག་ཆེས་ཉུང་བའི་མི་འགའ་ཤས་ཤིག་གིས་ཞིང་བྲན་མང་ཚོགས་ཧ་ཅང་མང་པོ་ཞིག་བྲན་དུ་བཀོལ་ནས་བསྡད་ཡོད་པ་རེད། གདུག་རྩུབ་ཅན་གྱི་ལམ་ལུགས་དེ་ནི་ཡུ་རོབ་ཏུ་དུས་སྐབས་བར་མའི་ལྡབ་དུ་མའི་རྗེས་སུ་ལུས་ཡོད་པ་རེད་། མི་དྲག་རྣམས་ཀྱིས་བྲན་གཡོག་ཚོའི་འཚོ་གནས་ཚུད་པའི་རྒྱུ་ནོར་ཡོད་ཚད་བདག་ཏུ་བཟུང་ཡོད། སྔ་མོ་ཞེ་དྲག་མ་རེད། དབྱིན་ཇིའི་ཁྲིམས་ཁང་ཞིག་གིས་མི་གཞན་རྣམས་བྲན་གཡོག་ཏུ་བཀོལ་ཆེད་བཟའ་ཚང་ཞིག་ཆེད་དུ་བྲན་གཡོག་ཏུ་ཉར་བ་རེད། བཀའ་དཔྱད་དེ་ལ་བརྟེན་ནས་གྱོད་ཞིབ་པས་ནག་ཉེས་དེར་བདུད་འདྲེ་ངོ་མ་རེད་ཅེས་བཀའ་བཀྱོན་ཕོགས་པ་རེད། བོད་ནང་ལོ་བཅུ་ཕྲག་འགའ་ཤས་ཙམ་སྔོན་ལ་དེ་ལྟ་བུའི་གནད་དོན་དམིགས་བསལ་ཅན་གང་ཡང་མིན། ཚང་མས་མཁྱེན་གསལ་ལྟར། བོད་ནང་དུ་ལམ་ལུགས་འདི་ལྟ་བུ་ཞིག་དེང་སང་གནས་འཇུག་གི་མེད་པ་གསལ་པོ་རེད། ངས་ནན་ཏན་ཐོག་ནས་བརྗོད་འདོད་པ་ཞིག་ལ་རྒྱ་ནག་གཞུང་གིས་བོད་ནང་དུ་ག་རེ་བྱེད་པའི་འདུན་པ་ཡོད་རེད་ཅེ་ན། མི་མང་ཚང་མ་འདྲ་མཉམ་གྱི་འཚོ་ཐུབ་པའི་བསྒྱུར་བཅོས་གཏོང་རྒྱུ་དེ་རེད།
གྲོས་ཚོགས་བརྙན་དེབ། བོད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་བདེན་པ་རེད། ཡིན་ན་ཡང་དེར་གནས་སྟངས་དམིགས་བསལ་ཞིག་ཆགས་ཡོད་རེད། བོད་ལ་རང་སྐྱོང་གི་ཚད་མང་བ་སྤྲད་ནས་བོད་མི་ཚོར་རང་རང་གི་ཚོང་ལས་བྱེད་པའི་ཆོག་མཆན་སྤྲད་ཐུབ་ཀྱི་རེད་དམ།
ཝུ་ཧེ་ལོང་། ངས་བསམ་ཤེས་ཐུབ་ཀྱི་འདུག ཡུ་རོབ་ནང་དུ་ཁྱེད་རང་གི་དྲི་བ་འདྲ་བོ་གཏོང་མཁན་མི་མང་པོ་ཡོད་པ་རེད། དངོས་ཡོད་གནས་ཚུལ་ག་རེ་རེད་ཅེ་ན། བོད་འདི་ཚད་མཐོའི་རང་སྐྱོང་གི་ས་ཁུལ་ཞིག་ཆགས་ཟིན་པ་རེད། ཁྲིམས་བཟོ་ལྟ་བུར་དཔེ་བཞག་ན། བོད་དེ་ཕྱི་ལོ་༡༩༦༥ ལོར་རང་སྐྱོང་ཁུལ་ཞིག་བཟོས་པ་ནས་བཟུང་། ས་གནས་སྲིད་གཞུང་གི་ས་གནས་ཁྲིམས་དང་སྒྲིག་གཞི་༢༥༠ ལྷག་བཟོས་པ་རེད། བོད་སྲིད་གཞུང་གིས་ས་གནས་དེའི་གནས་སྟངས་དང་རིག་གཞུང་ལ་བསྟུན་ནས་རྒྱ་ནག་རྒྱལ་ཡོངས་གྱི་ཁྲིམས་ལུགས་དང་། ལས་ཀའི་དུས་ཚོད། མི་མང་གི་གུང་སེང་སོགས་ལག་བསྟར་སྲིད་ཇུས་དམིགས་བསལ་མང་པོ་གཏན་འབེབས་བྱས་ཡོད་པ་རེད།
རྒྱུ་མཚན་དེར་གཞིགས་ནས་ངས་རང་སྐྱོང་དང་ཆབ་སྲིད་ཀྱི་དམིགས་ཡུལ་གཉིས་བར་གྱི་ཁྱད་པར་ལ་ནན་ཏན་བྱེད་འདོད་བྱུང་། གལ་ཏེ་མི་གང་ཞིག་གིས་རྒྱ་ནག་གི་རྩ་ཁྲིམས་ཀྱིས་ཚད་འཛིན་བཟོས་པ་བཞིན་རང་སྐྱོང་ལས་ཚད་བརྒལ་བའི་དབང་ཚད་ཐོབ་འདོད་ཚེ། ང་ཚོས་ངེས་པར་ཏུ་གཟབ་དགོས་པ་སྟེ། དེས་རང་སྐྱོང་དངོས་སུ་འཚོལ་གྱི་མེད། དེར་ཆབ་སྲིད་ཀྱི་གྲོས་གཞི་ལྐོག་གྱུར་ཞིག་ཡོད་པ་རེད།
གྲོས་ཚོགས་བརྙན་དེབ། བོད་ཀྱི་རིག་གཞུང་རྒྱ་རིགས་གཞན་རྣམས་དང་བསྡུར་ན་དམིགས་བསལ་གྱིས་ཐ་དད་ཡིན་པ་རེད། ཡུ་རོབ་པ་ཚོས་ཁྱད་ནོར་དང་ངོ་བོ་རྣམས་སྲུང་སྐྱོབ་བྱེད་པར་རེ་བ་བཅང་གི་ཡོད་པ་རེད། འཛམ་གླིང་གི་གསར་བརྗེ་ལ་བརྟེན་ནས་བོད་ཀྱི་གྲངས་ཉུང་མི་རིགས་རྣམས་འདི། དེ་ལྟར་བརླག་པ་མཐོང་འདོད་ཡོད་པ་མ་རེད། ཁྱེད་ཀྱིས་འདི་འདྲའི་སེམས་ཁུར་ལ་བསམ་ཤེས་ཐུབ་ཀྱི་འདུག་གམ།
ཝུ་ཧེ་ལོང་། ངས་དྲི་བ་འདིར་ལན་ཕྱོགས་གཉིས་ནས་རྒྱག་འདོད་བྱུང་། བོད་ཀྱི་རིག་གཞུང་དངོས་གནས་ཐུན་མོང་མ་ཡིན་པ་ཞིག་རེད། ཡིན་ན་ཡང་། ལོ་རྒྱུས་ཀྱི་ཕྱོགས་ནས་བོད་ཀྱི་རིག་གཞུང་དེ་འཛམ་གླིང་གཞན་དག་ལས་ཁེ་གཙང་ངམ་ལོགས་སུ་གནས་མེད་པ་དང་། དེ་ལས་ཡོག་པ་གཟན་སྒྲིལ་བྱས་ནས་གནས་པ་དང་། རིག་གཞུང་གཞན་ནས་ནུས་ཤུགས་བར་མ་ཆད་པར་ནང་འདྲེན་བྱས་ཡོད་པ་རེད། ལྷག་པར་དུ་དེའི་ནང་ཧན་མི་རིགས་ནས་ནང་འདྲེན་ལྟ་བུ་སྟེ། དེ་ཡང་རྒྱ་ནག་ནང་གྲངས་འབོར་མང་ཤོས་ཀྱི་མི་རིགས་ཤིག་ཡིན་པའི་རྒྱུ་མཚན་གྱི་ཡིན་པ་རེད། དེ་རིང་བོད་ཀྱི་ནང་ཆོས་སུ་འདོད་པའི་ཆོས་ལུགས་འདི་དོན་དམ་པར་བོད་ས་རང་ནས་དར་བ་ཞིག་མིན།
གཉིས་པ་དེར་རྒྱ་ནག་གཞུང་གིས་རྟག་ཏུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་གོང་སྤེལ་གཏོང་རྒྱུ་ལྡོག་ཏུ་མེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པར་བསམ་ཚུལ་བརྗོད་ཀྱི་ཡོད་པ་རེད། དཔེ་མཚོན་ཞིག་ནི་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གཞུང་གི་ཆགས་ཡུལ་སྲུང་སྐྱོབ་ལྟ་བུ་རེད། འདས་པའི་ལོ་བཅུ་ཕྲག་དྲུག་གི་རིང་ལ་དབུས་གཞུང་གིས་བོད་ཀྱི་ཆོས་དང་ལོ་རྒྱུས་ཀྱི་ས་ཁུལ་ཁག་ལ་ཉམས་གསོ་དང་བཟོ་བཅོས་ཀྱིས་མ་རྩ་གསར་འཛུགས་རྒྱ་ཆེན་པོ་བྱས་ཤིང་། ལྷ་ཁང་དང་དགོན་པ་མང་པོར་ཉམས་གསོ་དང་སྐྱར་བཅོས་བྱས་ཡོད་པ་རེད། ལས་འཆར་གཉིས་ལྷག་པར་ཡོངས་གྲགས་རེད། བསྐྱར་བཅོས་གཙོ་བོ་གཅིག་ནི་ལྷ་སའི་གཙུག་ལག་ཁང་གི་ཁང་བརྩེགས་གཙོ་བོ་དེ་རེད། གཞན་ཞིག་ནི་གཞི་རྒྱ་ཆེ་བའི་ཕོ་བྲང་པོ་ཏ་ལ་བཟོ་བཅོས་ཀྱི་ལས་འཆར་དེ་རེད། ཕྱི་ལོ་༡༩༨༩ ལོ་ནས་༡༩༩༤ ལོའི་བར། དབུས་གཞུང་གིས་དབྱིན་སྒོར་ཐེར་འབུམ་༧ མ་འཛུགས་བྱས་ཡོད་པ་དང་། གསེར་དང་དངུལ་སོགས་འགྲོ་སོང་བཏང་ནས་ཐེངས་དང་པོར་གཞི་རྒྱ་ཆེ་བའི་བཟོ་བཅོས་ལས་གཞི་འགོ་ཚུགས་ཤིང་། དེ་རྗེས་རྒྱལ་ཚོགས་ཤེས་རིག་ཚན་རྩལ་རིག་གཞུང་ལྷན་ཚོགས་ཀྱིས་ཁང་བཀོད་བཟོ་རྩལ་རིག་གནས་སྲུང་སྐྱོབ་ཁྲོད་ལོ་རྒྱུས་ཀྱི་ཡ་མཚན་ཞིག་དང་། བོད་ཀྱི་རིག་གཞུང་དང་ལྷག་པར་འགྲོ་བ་མིའི་དཔལ་ཡོན་སྲུང་སྐྱོབ་ལ་ཞབས་འདེབས་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད།
གྲོས་ཚོགས་བརྙན་དེབ། ཡུ་རོབ་ཀྱི་གྲོས་ཚོགས་ནང་། གཞུང་འབྲེལ་ཁྲིམས་མཐུན་ཡིག་ཆ་ཚང་མ་ཡུ་རོབ་ཀྱི་རྒྱལ་ཁབ་སོ་སོའི་སྐད་ཡིག་༢༣ ནང་བསྒྱུར་གྱི་ཡོད་པ་རེད། དེའི་དམིགས་ཡུལ་ནི་ཡུ་རོབ་ནང་གི་སྐད་ཡིག་སྣ་ཚོགས་པ་རྣམས་སྲུང་སྐྱོབ་བྱེད་ཆེད་ཡིན་པ་རེད། བོད་དང་རྒྱ་ནག་ཡོངས་ལ་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པའི་སྐབས། བོད་མི་ཚོས་འབད་བརྩོན་ཆེན་པོས་རང་ཉིད་ཡར་རྒྱས་ཀྱི་གྲུབ་འབྲས་མང་བ་ཡོང་ཆེད་རྒྱ་ཡིག་སྦྱང་མཁན་མང་དུ་འགྲོ་འགོ་ཚུགས་བཞིན་ཡོད་པ་རེད། ཕུགས་བསམ་གཏད་ཕྱོགས་འདི་ལྟ་བུར་བོད་ཀྱི་སྐད་ཡིག་ལ་ཟུར་མཐའི་སྟོང་ཆ་བཟོ་ཡི་རེད་དམ།
ཝུ་ཧེ་ལོང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཚང་འཛོམས་ཚོགས་ཐུན་ཚོགས་སྐོང་བྱེད་སྐབས། ཡིག་ཆ་ཚང་མ་བོད་ཡིག་ནང་བཟོས་པ་ཙམ་མ་ཟད། ཚོགས་འདུ་རྣམས་བོད་སྐད་ནང་ཐད་ཀར་བསྒྱུར་ནས་རྒྱ་ནག་དབུས་བརྙན་འཕྲིན་ནས་གསར་གནས་དུས་མཚུངས་སུ་བོད་སྐད་ནང་ཐད་གཏོང་རྒྱང་བསྲིངས་བྱེད་ཀྱི་ཡོད། བོད་ནང་དུ་བོད་ཀྱི་སྐད་ཡིག་རྒྱ་ཆེན་པོར་སློབ་པ་དང་། བེད་སྤྱོད་པ། གོང་སྤེལ་སོགས་བྱས་ཡོད། ང་ཚོའི་ཁྲིམས་ནང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ལ་ཆེ་མཐོང་གཅིག་པ་འཛིན་པའི་ཐོག་བོད་སྐད་ལ་དོ་སྣང་མང་བ་སྤྲོད་དགོས་ཞེས་བྲིས་ཡོད་པ་རེད།
ཁྲིམས་དང་སྒྲིག་གཞི། གྲོས་ཆོད། གཞུང་འབྲེལ་ཡིག་ཆ། དུས་དེབ་ཁག ཚགས་ཤོག རླུང་འཕྲིན། བརྙན་འཕྲིན་གྱི་ལས་རིམ་སོགས་ཚང་མ་བོད་སྐད་དང་རྒྱ་སྐད་གཉིས་ཀར་ཡོད་པ་བཟོས་ཡོད། སློབ་གྲྭའི་སློབ་གཞིའི་ནང་རྨང་གཞི་འཛིན་གྲྭ་ནས་མཐོ་རིམ་སློབ་གྲྭའི་བར་སྐད་ཡིག་གཉིས་ཟུང་འབྲེལ་ཐོག་ཤེས་ཡོན་སྤྲད་རྒྱུར་འབད་བརྩོན་ཁྱབ་ཆེན་པོ་བྱས་ཡོད། སློབ་གཞི་དང་དཔྱད་གཞི་ཡིག་ཆ་ཚང་མ་བོད་ཡིག་ནང་ཡོད།
ང་ཚོས་བོད་ཀྱི་ཡིག་གཟུགས་རྩིས་འཕྲུལ་གྱི་མཐུན་འགྱུར་ཐད་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཚད་གཞི་ལྡན་པ་བཟོས་ཤིང་། སྐད་ཡིག་བེད་སྤྱོད་གཏོང་མཁན་ཉུང་གྲས་ནས་རྒྱལ་སྤྱིའི་ཚད་གཞི་ལོན་པ་ཐོག་མ་དེ་བཟོས་ཡོད། དེང་སང་བོད་ནང་གི་མི་མང་ཚོས་བོད་ཡིག་བཟོ་བཀོད་དང་བེད་སྤྱོད་ལྡན་པའི་ལག་ཐོགས་ཁ་པར་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད། ཡུ་རོབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་ལ་དེ་འདྲ་བ་བརྗོད་ཐུབ་ཀྱི་ཡོད་མེད་ངས་སོམ་ཉི་སྐྱེ་ཡི་འདུག
གྲོས་ཚོགས་བརྙན་དེབ། བོད་ཀྱི་ནང་ཆོས་ཡུ་རོབ་ནང་ཧ་ཅང་མགྱོགས་པོའི་ངང་དར་ཁྱབ་འགྲོ་བཞིན་ཡོད། འདིར་ཡོད་པའི་མི་མང་ཚོས་རྟག་ཏུ་ནང་ཆོས་ལ་ཡིད་ཆེས་ཡོད་མཁན་ཚོའི་འཚོ་བ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། མི་འགའ་ཤས་ཀྱིས་ཆོས་མེད་སྨྲ་བའི་དམར་ཤོག་ཚོགས་པའི་སྣེ་ཁྲིད་པའི་གཞུང་གིས་བོད་ཀྱི་ནང་ཆོས་དར་ཁྱབ་འགྲོ་བར་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། ང་ཚོ་ཡུ་རོབ་ནང་གནས་ཚུལ་ཁ་ཤས་གོ་ཐོས་བྱུང་ཤིང་། ང་ཚོས་བོད་ནང་ཆོས་དད་རང་དབང་སྐོར་ལ་སེམས་ཁྲལ་བྱུང་། ཁྱེད་ཀྱི་གནད་དོན་དེའི་ཐད་ལ་ཇི་ལྟར་ཡ་ལན་བྱེད་རྩིས་ཡོད་དམ།
ཝུ་ཧེ་ལོང་། ངའི་ལྟ་ཚུལ་ལ། དངོས་ཡོད་བདེན་པས་ཁ་གསལ་ཤོས་གྲག་གི་རེད། གལ་ཏེ་ཁྱེད་རང་བོད་དུ་ལྟ་སྐོར་ལ་ཕྱིན་པ་ཡིན་ན་ཁྱེད་ཀྱི་སེམས་ཁྲལ་དང་དོ་ཁུར་རྣམས་མགྱོགས་མྱུར་བརླགས་འགྲོ་ཡི་རེད། རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བོད་ཀྱི་མི་སེར་གྱི་ཆོས་དད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། ཡུ་རོབ་ཀྱི་རྒྱལ་ཁབ་མང་ཆེ་བ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་རྣམས་ལ་མི་མང་གི་གཞུང་ཡོད་པ་རེད། གནས་ཚུལ་དེ་ཁོ་ནས་འཛམ་གླིང་ཁྱོན་ཡོངས་ལ་ཆོས་ལུགས་རྣམས་དར་རྒྱས་ལ་བཅད་མཚམས་བཟོ་ཐུབ་ཀྱི་མ་རེད།
བོད་ནང་གི་ཆོས་ལུགས་པ་རྣམས་རྒྱ་ནག་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་བཞིན་པ་དང་། རྒྱུན་གཏན་གྱི་ཆོས་ཕྱོགས་ལས་དོན་སྒྲུབ་པར་འདང་ངེས་ཀྱི་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་རེད། ཆོས་ལུགས་དག་ལ་དད་པ་བྱེད་མཁན་རྣམས་དང་ཆོས་ལུགས་ཀྱི་སྡེ་ཚན་རྣམས་ཚང་མར་གཅིག་མཚུངས་རྩིས་ཀྱི་ཡོད་པ་རེད། དོན་དམ་དུ། ནང་ཆོས་ཕུད་པའི་ཆོས་ལུགས་གཞན་གནམ་བདག་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས། དེ་བཞིན་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་སོགས་ཆོས་ལུགས་མང་པོ་ཡོད་པས། དེ་དག་ཡང་བོད་ནང་ཉམས་ལེན་བྱེད་བཞིན་ཡོད་པ་རེད།
བོད་ནང་དུ་དེང་སང་དགོན་པ་༡༧༨༠ ལྷག་ཡོད་པ་དང་། གྲྭ་བཙུན་༤༦༠༠༠ ལྷག་ཡོད་པའི་དགོན་སྡེ་༡༧༠༠ བོད་བརྒྱུད་ནང་བསྟན་ཆེད་དུ་ཡིན་པ་རེད། དགོན་པ་བརྒྱད་ཅུ་རྒྱ་བརྒྱད་བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་ཆེད་དུ་ཡིན་པ་དང་། ཆ་སྙོམ་ཐོག་མི་མང་༢༠༠༠ ཙམ་རེ་ལ་དགོན་པ་རེ་ཡོད་ཅིང་། མི་རེ་རེར་རྩིས་ན་བོད་ཀྱི་ས་ཁུལ་དེ་དགོན་པ་མང་ཤོས་ཤིག་ཆགས་ཀྱི་ཡོད། ལོ་ལྟར་ཆོས་ལུགས་པ་ས་ཡ་མང་པོ་ལྷ་སར་སོང་ནས་དགོན་པའི་གསང་གསོལ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་རང་བོད་ནང་སྐོར་བསྐྱོད་བྱས་པ་ཡིན་ན། ཁྱེད་རང་གིས་ཆོས་ལུགས་ལ་དད་པ་བྱེད་མཁན་གང་སར་མཐོང་ཐུབ།
གྲོས་ཚོགས་བརྙན་དེབ། བོད་འདི་འཛམ་གླིང་གི་ཡང་ཐོག་ལྟ་བུར་རྩིས་ཀྱི་ཡོད་རེད། དེ་ད་དུང་ཨེ་ཤི་ཡའི་གཙང་པོ་ཆེ་ཁག་གི་འབྱུང་ཁུངས་ཡང་རེད། ས་ཁུལ་དེའི་གས་ཆག་སླ་བའི་སྣོད་བཅུད་ཀྱི་རྟེན་འབྲེལ་ཆ་སྙོམ་ཞིང་རང་བྱུང་ཁོར་ཡུག་ཧ་ཅང་གི་དམིགས་བསལ་ཅན་ཞིག་ཡིན་པ་རེད། ཡུ་རོབ་པ་ཚོས་བོད་ནང་དུ་མྱུར་མགྱོགས་ཆེ་བའི་དཔལ་འབྱོར་ཧ་ཅང་ཡར་རྒྱས་དེས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་འགྲོ་སྲིད་པའི་དོ་ཁུར་བྱེད་བཞིན་ཡོད། ཁྱེད་ཀྱི་ལན་འདེབས་ག་རེ་ཡིན་ནམ།
ཝུ་ཧེ་ལོང་། ཁྱེད་ཀྱིས་བརྗོད་པ་དེ་བདེན་པ་རེད། བོད་ཀྱི་ས་ཁམས་ཆགས་སྟངས་དམིགས་བསལ་ཅན་དེས་རྒྱ་ནག་ཙམ་མིན་པར་གཞན་དག་ཚོར་ཡང་སྣོད་བཅུད་ཀྱི་འགོག་སྲུང་གལ་ཆེན་ཞིག་ཡིན་པར་གཏན་འཁེལ་གྱི་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་གི་ཐོན་ཁོངས་འཚོལ་ཞིབ་དང་བེད་སྤྱོད་རྒྱུ་མཚན་ལྡན་པར་བྱེད་རྒྱུ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་གཞི་རྩའི་རྒྱལ་ཡོངས་སྲིད་ཇུས་བཟོས་ཡོད་པ་རེད། ཕྱི་ལོ་༢༠༠༩ ལོར་དབུས་གཞུང་གིས་བོད་ཀྱི་སྣོད་བཅུད་བདེ་འཇགས་ཆེད་འགོག་སྲུང་དང་ཡར་རྒྱས་ཀྱི་འཆར་གཞིར་ངོས་ལེན་བྱས་ཡོད། འཆར་གཞི་དེ་ནི་ཕྱི་ལོ་༢༠༣༠ བར་གྱི་བོད་ནང་སྣོད་བཅུད་ཀྱི་བདེ་འཇགས་རྨང་གཞིའི་འཛུགས་སྐྲུན་ཆེད་ལས་འཆར་ཆེ་ཁག་༡༠ ལ་དབྱིན་སྒོར་ཐེར་འབུམ་༡་༩༦ མ་འཛུགས་ཆེད་བཏང་ཡོད་པ་རེད།
ད་ལྟའི་ཆར། བོད་ནང་སྣོད་བཅུད་སྲུང་སྐྱོབ་ས་ཁུལ་༢༡ དང་། རྒྱལ་ཡོངས་ནགས་ཚལ་༧ ས་ཁམས་སྐྱེད་མོས་ཚལ་༣ རྒྱལ་ཡོངས་ཡུལ་སྐོར་གླིང་ཁ་༡ ས་གནས་རང་བྱུང་སྲུང་སྐྱོབ་ལྟེ་གནས་༤༧ བཅས་ཁྱོན་བསྡོམས་བོད་རང་སྐྱོང་ལྗོངས་ཀྱི་ས་ཆའི་ཧྲིལ་པོའི་བརྒྱ་ཆ་༣༤་༥ ཡིས་གྲུབ་པ་ཡོད་ཅིང་། རྒྱལ་ཁབ་ཡོངས་ནས་ཨང་རྩེ་ཕུད་དུ་ཚུད་ཡོད། འདས་པའི་ལོ་བཅུ་ཕྲག་དྲུག་གི་ནང་། བོད་ནང་གི་ནགས་ཚལ་ཁྱབ་ཚད་བརྒྱ་ཆ་གཅིག་ལས་ཉུང་བ་ནས་བརྒྱ་ཆ་༡༡་༩༡ ལ་འཕེལ་རྒྱས་ཕྱིན་ཡོད་པ་དང་། འདམ་རྭའི་རྒྱ་ཁྱོན་ཧེག་ཊེར་ས་ཡ་དྲུག་ལྷག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད།།
བཅར་འདྲི་བྱེད་མཁན། མར་ཊིན་བྷང་སི། ཕྱི་ཟླ་༨ ཚེས་༦ ཉིན།
བོད་སྒྱུར་བྱེད་མཁན། ཞི་བ་པ་ཀུན་ཁྱབ་དཔལ་བཟང་།