ཨོ་ལིམ་པིག་རྩེད་འགྲན་དང་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༨  ཕྱི་ལོ་ ༢༠༡༢/༨/༨
ད་ལྟའི་ཆར་ཨོ་ལིམ་པིག་རྩེད་འགྲན་དང་བོད་ཅེས་བརྗོད་པའི་ཚེ་འབྲེལ་བ་གཏན་ནས་མེད་པ་ཞིག་ཏུ་གྱུར་ཡོད་པ་དང། བོད་མི་རིགས་ལ་མཚོན་ན་རྒྱལ་སྤྱིའི་རང་བཞིན་གྱི་རྩེད་འགྲན་ཆེན་པོ་འདི་ལྟ་བུ་ཚུགས་པའི་སྐབས་བློ་ཕམ་ནས་བསྡད་ཡོད། ང་ཚོའི་ཁྱིམ་མཚེས་མི་འབོར་ཉུང་ཞིང། ས་རྒྱ་ཆུང་བའི་འབྲུག་རྒྱལ་ཁབ་ཀྱང་རྩེད་འགྲན་ནང་འཛུལ་ཞུགས་བྱ་རྒྱུའི་གོ་སྐབས་ཡོད་ཀྱང་།

ང་ཚོ་བོད་ལ་ད་ལྟའི་ཆར་གོ་སྐབས་དེ་རག་མི་སྲིད་པ་ཞིག་ཏུ་གྱུར་ཡོད་པས། རྒྱ་གཞུང་ལ་སྡང་སེམས་ལ་བོད་མི་རིགས་ཀྱི་ལས་དབང་ལ་ཡི་ཆད་སྐྱེས་ནས་ལུས་ཡོད། འདས་པའི་དུས་ལ་ཕྱིར་འདང་བརྒྱབ་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་སུ་བོད་དེ་ཁྱིམ་མཚེས་རྒྱལ་ཁབ་ཙམ་མ་ཡིན་པར། འཛམ་གླིང་གི་རྒྱལ་ཁབ་སྤྱི་ཡོངས་དང་དཔུང་པ་མཉམ་གཤིབས་བྱེད་ཐུབ་མཁན་ཞིག་ཡིན་ལ། སྐབས་དེ་དུས་ཀྱི་ལུས་རྩལ་རྣམ་གྲངས་ཐོག་ནས་བཤད་ནའང་གཞན་དང་ཁ་གཏད་གཅོག་མི་ཐུབ་པ་ཞིག་གཏན་ནས་མིན་པར་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།

བོད་ལ་གནའ་བོའི་དུས་སུ་ལུས་རྩལ་གྱི་རྣམ་གྲངས་མང་པོ་ཡོད་ལ། སྐབས་དེ་དུས་ཀྱི་དུས་བབས་དང་བསྟུན་ན་མདུན་དུ་ཐོན་ཡོད། དཔེར་ན་དེང་དུས་རྟ་རྩལ་སྤོ་ལོ་ཞེས་སྐད་གྲགས་ཆེ་བ་དེ་ཡང་ཐོག་མ་བོད་ནས་གསར་གཏོད་བྱས་པ་དང། བོད་པས་རྒྱ་ནག་ལ་རྩེད་འགྲན་དེ་ལ་བརྟེན་ནས་ཀྱང་འཇིགས་སྣང་བསྐུལ་ཡོད་པའི་ལོ་རྒྱུས་གསལ་པོ་ཡོད། དེ་བཞིན་ད་དུང་སྐབས་དེ་དུས་བོད་པར་གཙོ་བོ་ཕོ་རྩལ་སྣ་དགུ་ཞེས་བརྩི་སྲོལ་ཡོད་ལ། དེ་ཡང་མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆོད་པ། ཡང་རྩལ་བྱ་ལྟར་ལྡིང་བ་ཞེས་ལུས་ཀྱི་རྩལ་གསུམ་དང། ལོ་རྒྱུས་ཀྱི་དགེ་ཐོན་པ། གཏམ་གྱིས་བཞད་གད་སློང་བ། ཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ། མཛངས་ཤིང་བློ་འགྱུ་བ། དཔའ་ལ་བསྲན་ཚུགས་པ། ཁ་གསལ་ཞིང་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་བཅས་ཕོ་རྩལ་སྣ་དགུ་ཞེས་འབོད་པ་དེའི་ཐོག་མ་གསུམ་ཀྱི་ཁོངས་སུ་ལུས་རྩལ་རྣམས་འདུས་ཡོད།

ད་དུང་གསལ་ཙམ་བཤད་ན་སྦེ་ཀ་རྒྱག་པ། ཐག་པ་འཐེན་པ་སོགས་ཤུགས་ཚད་འགྲན་པ་དང། ཆུ་ཆེན་ལ་ཉ་ལྟར་རྩེད་པ། མཐོ་མཆོངས་དང་རྒྱང་མཆོངས། ལྗིད་ཚད་འདེགས་པ། རྡོ་རྒྱང་རིང་པོར་འཕེན་པ། ཐག་རིང་པོར་བང་རྒྱུག་འགྲན་པ་སོགས་ལུས་རྩལ་གྱི་རྣམ་གྲངས་མང་པོ་ཞིག་དར་སྲོལ་བྱུང་འདུག འོན་ཀྱང་ད་ལྟའི་དུས་འདིར་བོད་ནང་དུ་རྒྱ་གཞུང་གི་གནོན་ཤུགས་འོག་བོད་པའི་སྲོལ་རྒྱུན་གྱི་རྩེད་རིགས་ལ་དོ་དབྱིངས་བྱེད་མཁན་དང། དེ་ལ་སྐུལ་འདེད་བྱེད་མཁན་ཡང་དཀོན་པོར་གྱུར་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུའང་ལུས་རྩལ་དེའི་རིགས་རྒྱུན་འཛིན་བྱེད་རྒྱུར་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་སོགས་གང་ཐད་ནས་དཀའ་ངལ་དུ་གྱུར་ཡོད། གཞན་དེང་དུས་ཡུལ་ལུང་གཞན་དག་གི་རྩེད་མོའི་རྣམ་གྲངས་འདི་དག་ཀྱང་སྲོལ་རྒྱུན་གྱི་རྩེད་རིགས་ཁག་རྨང་གཞི་ལ་བཞག་ནས་དར་ཁྱབ་བྱུང་བ་འབའ་ཞིག་ཏུ་གྱུར་ཡོད་པས། བོད་ལ་རང་དབང་ཡོད་ན་བོད་པའི་ལུས་རྩལ་ཁག་ཀྱང་དེ་དག་བཞིན་དར་ཁྱབ་བྱུང་ཡོད་ངེས་རེད།

ད་ལྟའི་དུས་འདིར་བོད་པའི་སྲོལ་རྒྱུན་ལུས་རྩལ་གྱི་རྣམ་གྲངས་མང་པོ་ཞིག་ཉམས་ཆག་ཏུ་གྱུར་ཟིན་པ་དང། གལ་སྲིད་ཉམས་མེད་པའི་དབང་དུ་བཏང་ཡང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལྟ་བུའི་ནང་བོད་རྒྱལ་ཁབ་རང་གི་མིང་ཐོག་ནས་འཛུལ་ཞུགས་བྱེད་རྒྱུའི་གོ་སྐབས་མེད། བོད་ལ་རང་སྐྱོང་གི་ལམ་ལུགས་ཡོད་ཚུལ་རྒྱ་གཞུང་གིས་བསྒྲགས་བཞིན་ཡོད་ནའང། དོན་དུ་བོད་ལ་དེ་ལྟ་བུའི་ཐོབ་ཐང་གཏན་ནས་སྤྲོད་མི་སྲིད། ཧོང་ཀོང་ལ་མཚོན་ན་ཧོང་ཀོང་ཁོ་རང་ཚོའི་མིང་ཐོག་ནས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ནང་འཛུལ་ཞུགས་བྱས་ཡོད། བོད་པར་དེ་ལྟ་བུའི་གོ་སྐབས་བྱུང་ན་བོད་པའི་ངོས་ནས་ཀྱང་རྟགས་མ་རེ་ཟུང་རེ་ལེན་ཐུབ་པའི་རེ་བ་ཡོད་ལ། གལ་སྲིད་མ་རག་ཀྱང་མིང་ཙམ་རྒྱལ་སྤྱིའི་རྩེད་འགྲན་ནང་དུ་སླེབས་ཀྱང་འགྲིག་པ་རེད།

རྒྱ་དམར་དྲག་པོའི་གཞུང་གི་ཧམ་སེམས་དང་མི་འབོར་མང་བས། རྒྱལ་སྤྱིའི་ནང་གི་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད་པའི་སྤོབས་སེམས་དེ་ཁུར་ཡོང་སྐབས། རྒྱལ་སྤྱིའི་ནང་སྐད་གྲགས་ཆེ་བའི་རྒྱལ་ཁབ་ཁག་གིས་ཀྱང། འཛམ་གླིང་ཧྲིལ་པོ་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཀྱིས་ཆབ་སྲིད་དང་དམག་དོན་ཚང་མ་དབང་བསྒྱུར་བཞིན་པའི་སྐབས། སུ་གཅིག་གིས་དྲང་བདེན་ལ་ངོ་སོ་སྤྲོད་མི་སྲིད་པ་ལྟ་བུའི་དུས་སུ་སླེབས་ཡོད། རྒྱལ་སྤྱིའི་ཨོ་ལིག་པིག་ལུས་རྩལ་འགྲན་ཚོགས་ནང་ཐེ་ཝན་འཛུལ་ཞུགས་བྱས་ཡོད་ལ། ད་ལྟ་དངུལ་གྱི་རྟགས་མ་ཞིག་རག་ཡོད་ཀྱང། རྩེད་འགྲན་པའི་རྒྱལ་ཁབ་ཀྱི་མིང་གཞུང་ནང་ཐེ་ཝན་ཞེས་མ་བྲིས་པར། ཐའེ་པེ་དང་གུག་རྟགས་ནང་རྒྱ་ནག་གི་ཐའེ་པེ་“Taipei (Chinese Taipei)”ཞེས་བྲིས་འདུག

སྤྱིར་ཐའེ་ཝན་དེ་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ནའང། རྒྱ་ནག་གི་ཁྲོམ་ར་རྒྱ་ཆེ་བས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གི་རེ་འདུན་ལ་ངོ་སོ་མི་སྤྲོད་ཀ་མེད་དུ་གྱུར་ཡོད། དེར་བརྟེན་བོད་དོན་ལའང་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ངོས་ལེན་ཚུལ་བཞིན་བྱུང་མེད་པའང་རྒྱུ་མཚན་འདི་ལྟ་བུ་ལ་ཐུག་ཡོད། གང་ལྟར་རྒྱལ་སྤྱིའི་རྩེད་འགྲན་འདིའི་ནང་བོད་རྒྱལ་ཁབ་ཀྱི་ངོས་ནས་གོ་སྐབས་དེ་ལེན་ཐུབ་པ་ཞིག ག་དུས་ཡོང་མིན་བཤད་ཚོད་ཐིག་རྒྱུ་དེ་ཟག་མེད་ཀྱི་མངོན་ཤེས་ཡོད་མཁན་ཞིག་ཡིན་ན་མ་གཏོགས་དཀའ་ནའང། བོད་པ་རང་ངོས་ནས་དུས་ནམ་ཡང་འདི་ལྟ་བུའི་གོ་སྐབས་ཤིག་ཡོང་རྒྱུ་ལ་རེ་བ་མ་བརླགས་ན། སྔ་ཕྱི་ཙམ་ལས་བོད་པ་ཡང་རྒྱལ་ཁབ་གཞན་དག་དང་གཅིག་མཚུངས་བཞིན་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ནང་ཞུགས་ཐུབ་པའི་ཉི་མ་ཞིག་འཆར་ངེས་ཡིན།།

This will close in 0 seconds