མཁན་པོ་ཀར་བསྟན་ལགས་སུ་བཅར་འདྲི།
མཁན་པོ་ཀར་བསྟན་ནམ་ཀརྨ་བསྟན་འཛིན་ལགས་ནི་ཕྱི་ལོ་༡༩༦༥ ལོར་ཁམས་ནང་ཆེན་དུ་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༩༩༧ ལོར་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་ཡོད་པ་རེད། ༢༠༠༣ ལོར་བལ་ཡུལ་དུ་“འཇམ་དབྱངས་ཆོས་འཁོར་གླིང་”ཟེར་བའི་ཆོས་ཚོགས་ཤིག་གསར་དུ་བཙུགས་ནས་
དེར་ཤར་པ་དང་རྟ་མང་སོགས་ཧི་མ་ལའི་རི་རྒྱུད་ཀྱི་དད་ལྡན་མི་མང་དང་བོད་རིགས་བཅས་ལ་ནང་ཆོས་ངོ་སྤྲོད་དང་། ༢༠༠༩ ལོ་ནས་ཨ་རིར་ཆོས་ཚོགས་བཙུགས་ཡོད་པ་རེད།
དྲི་བ། ཁྱེད་རང་ཨ་རི་ནས་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དུ་ཕེབས་དགོས་དོན་གཙོ་བོ་གང་ཡིན།
ལན། ང་ཨ་རི་ནས་གཙོ་བོ་ནང་ཆོས་ངོ་སྤྲོད་དང་བདེན་ཆེན་ཞིང་སྒྲུབ་འདི་ཚོགས་ཆེད་དུ་ཡོང་བ་ཡིན། སྔོན་མ་ངས་རྒྱ་གར་བྱང་ཕྱོགས་དྷེ་ར་ལྡུན་ནས་དགོན་པ་ཞིག་གསར་དུ་རྒྱག་རྒྱུའི་འཆར་གཞི་བྱས་པ་ཡིན། ༢༠༠༥ ལོར་༧གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁར་བཅར་སྐབས་སུ་༧གོང་ས་མཆོག་གིས་ཁྱེད་རང་གི་ག་རེ་བྱེད་ཀྱི་ཡོད་གསུངས་སོང་། ངས་དྷེ་ར་ལྡུན་ལ་དགོན་པ་ཞིག་རྒྱག་རྒྱུའི་འཆར་གཞི་ཡོད་ཅེས་ཞུས་པ་ཡིན། བོད་པའི་སྤྱི་ཚོགས་ནང་དགོན་པ་མང་དྲགས་མེད་ན་ཉུང་བའི་དཀའ་ངལ་གང་ཡང་མི་འདུག ཁྱེད་རང་གི་དགོན་པ་ཞིག་ག་རེའི་ཆེད་དུ་རྒྱག་གི་ཡོད། གྲྭ་ཚང་ག་རེ་རེད་ཅེས་གསུངས་བྱུང་། ང་ལ་གྲྭ་ཚང་དམིགས་བསལ་འདི་ཡིན་ཞེས་ལབ་ཀྱི་མེད་ཙང་ངོ་ཚ་བོ་བྱུང་སོང་།
སྐབས་དེར་༧གོང་ས་མཆོག་གིས་ཁྱེད་རང་གི་དེ་ལས་ཕན་ཐོགས་དང་དགེ་རྩ་ཆེ་བ་ཞིག་གི་ལས་ཀ་ལས་བྱེད་རྒྱུ་མི་འདུག་གམ་ཞེས་གསུངས་སོང་། སྐབས་དེར་ངས་གང་འདྲ་བྱེད་དགོས་པ་རེད་ཅེས་ཡར་བཀའ་འདྲི་ཞུས་པ་ཡིན།༧གོང་ས་མཆོག་གིས་ཧི་མ་ལའི་རི་རྒྱུད་གཙོས་པའི་གཞིས་ཆགས་སྐྱོ་བོ་དེ་འདྲར་ནང་ཆོས་ངོ་སྤྲོད་བྱེད་དགོས་པ་རེད། ལྷག་པར་དུ་ཁྱེད་རང་གི་བདེ་ཆེན་ཞིང་སྒྲུབ་དེ་འདྲ་འཚོགས་ཀྱི་འདུག་པས། བླ་མ་དང་སྦྱིན་བདག་གཉིས་ཀ་ཁྱེད་རང་གིས་བྱས་ནས་འཚོག་ཐུབ་པ་ཡིན་ན། ཁྱེད་རང་གི་ངོས་ནས་ཡིན་ནའང་བསོད་ནམས་བསག་གི་རེད་ལ། མི་མང་ལ་ཡང་ཕན་ཐོགས་ཆེན་པོ་རེད་ཅེས་ལམ་སྟོན་གནང་སོང་། དེ་ནས་བཟུང་དགོན་པ་མི་རྒྱག་རྒྱུ་བྱས་པ་ཡིན།
དྲི་བ། དྷེ་ར་ལྡུན་ནས་དགོན་པ་མི་རྒྱག་རྒྱུ་བྱས་པ་ཡིན་ཞེས་གསུངས་སོང་། ཀོ་ལི་གྷལ་དུ་མི་མང་ལ་ཚོགས་ཁང་རྒྱག་དགོས་པའི་རྒྱུ་མཚན་གང་ཡིན།
ལན། སྤྱིར་བཏང་བལ་ཡུལ་གྱི་ཤར་པ་དང་རྟ་མང་སོགས་ཧི་མ་ལ་ཡའི་རི་རྒྱུད་ལ་ངས་དེའི་སྔོན་ནས་ནང་ཆོས་ངོ་སྤྲོད་བྱས་ཡོད་པ་རེད། དེའི་རྗེས་སུ་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་གཞིས་ཆགས་ལ་ནང་ཆོས་ངོ་སྤྲོད་དང་བདེ་ཆེན་ཞིང་སྒྲུབ་ཚོགས་རྒྱུའི་འགོ་བཙུགས་པ་ནས་ད་ལྟའི་བར་ལོ་བཞི་འགྲོ་ཡི་འདུག ཀོ་ལི་གྷལ་གཞིས་ཆགས་སུ་གཞིས་གྲོང་ཁག་༢༢ ཡོད་པ་རེད། ཁོ་ཚོར་རྩ་བའི་ཆ་ནས་སྤྱི་ཁང་ཆུང་ཆུང་རེ་ཡོད་པ་རེད། ཡིན་ན་ཡང་ངས་ནང་ཆོས་ངོ་སྤྲོད་དང་ཞིང་སྒྲུབ་འཚོག་སྐབས་སུ་མི་གྲངས་སུམ་བརྒྱ་བཞི་བརྒྱ་དེ་འདྲ་འཛོམས་ཀྱི་འདུག དེ་འདྲའི་སྐབས་སུ་ཐང་ལ་གུར་ཕུབ་དགོས་པ་ཆགས་ཀྱི་འདུག་པས་དཀའ་ངལ་རབ་དང་རིམ་པ་འཕྲད་བཞིན་འདུག དེ་ནས་ང་དྷ་སར་སོང་ནས་༧གོང་ས་མཆོག་ལ་དེའི་སྐོར་བཀའ་འདྲི་ཞུས་པ་ཡིན། ཚོགས་ཁང་དེ་བརྒྱབ་ན་ཡག་པོ་ཞེ་དྲག་འདུག ཁྱེད་རང་གི་དགོན་པ་དེ་བོད་པའི་སྤྱི་ཚོགས་ནང་བརྒྱབ་པ་ཡིན་ན། ཇི་སྲིད་བོད་པའི་སྤྱི་ཚོགས་གནས་པ་དེ་སྲིད་དུ་དགོན་པ་དེ་སྟོང་གི་མ་རེད་ལ། མི་མང་ལ་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་རེད། དགོན་པ་དེ་རྒྱག་པའི་སྐབས་སུ་ཡིན་ནའང་དེང་དུས་ཀྱི་དགོན་པ་ནང་བཞིན་ཧ་ཅང་རྒྱས་སྤྲོས་ཆེན་པོའི་གསེར་ཏོག་དང་གསེར་གཡབ། དེ་ག་ནང་བཞིན་སྐུ་གསུང་ཐུགས་རྟེན་རྫིག་པོ་དེ་འདྲ་མེད་ན་ཡང་། མི་མང་སྤྱིའི་ཚོགས་ཁང་གི་རྣམ་པའི་ཐོག མི་མང་ཤོང་སའིི་གཙང་མ་དེ་འདྲ་ཞིག་རྒྱག་ཐུབ་ན་ཡག་པོ་རེད་ཅེས་གསུངས་པ་ནང་བཞིན་ཚོགས་ཁང་དེ་རྒྱག་འགོ་བཙུགས་པ་ཡིན།
དྲི་བ། དགོན་པ་དེ་མང་ཚོགས་ཀྱི་ནང་རྒྱག་དགོས་པའི་དམིགས་ཡུལ་གང་ཡིན་ནམ།
ལན། དེ་ང་ལ་དྲི་བ་མང་པོ་བྱུང་སོང། བོད་པ་སྤྱི་ཡོངས་ཀྱི་ཆ་ནས་མང་ཚོགས་ནང་བརྒྱབ་པའི་དགོན་པ་ཐེངས་དང་པོ་ཆགས་ཀྱི་ཡོད་ས་རེད། ངས་མང་ཚོགས་ནང་རྒྱག་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ༧གོང་ས་མཆོག་གིས་ང་ཚོར་ག་དུས་ཡིན་ནའང་བོད་པའི་རྩ་ཆེའི་རིག་གཞུང་ཉམས་ཆག་འགྲོ་གི་འདུག་ཅེས་གསུང་གི་ཡོད་པ་རེད། དེའི་དགོངས་གཞི་གཙོ་བོ་མདོ་དབུས་ཁམས་གསུམ་གྱི་ཆས་གོས་དང་ཟློས་གར། གཞས་ཞབས་བྲོ་ཉམས་ཀྱི་འདུག་གསུངས་ཀྱི་ཡོད་པ་མ་རེད། ནང་པའི་བསྟན་པ་དེ་ཐོས་བསམ་སྒོམ་གསུམ་བྱེད་ཀྱི་ཡོད་པ་དེ་ཚོ་དགོན་པ་གྲྭ་ཚང་ཙམ་མ་གཏོགས། བོད་པའི་སྤྱི་ཚོགས་ཁྲོད་རྩ་བ་ཉིད་ནས་སློབ་གཉེར་ཡོང་གི་མི་འདུག་ཅེས་གསུང་བཞིན་ཡོད་པ་རེད། དེར་བརྟེན། ཀོ་ལི་གྷལ་གཞིས་ཆགས་འདིར་ཚོགས་ཁང་དེ་རྒྱག་ཐུབ་པ་ཡིན་ན། ས་གནས་འདིའི་བརྒྱ་ཤོག་༢༢ ནང་མི་གྲངས་བདུན་སྟོང་བརྒྱད་སྟོང་ཞིག་ཡོད་པ་རེད། སྐབས་དང་དུས་སུ་ཁོ་ཚོ་ཚང་མ་མཉམ་འཛོམས་བྱེད་ས་ཞིག་དང་། མ་འོངས་པ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་འདྲའི་སྐབས་སུ་ང་གཅིག་པུ་མ་ཡིན་པར། ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་ཚོ་གདན་འདྲེན་ཞུས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ས་དང་། ངའི་ངོས་ནས་ཀྱང་ལོ་ལྟར་བདེ་ཆེན་ཞིང་སྒྲུབ་འཚོགས་ཀྱི་ཡོད་པ་རེད། དེ་ཚོགས་སའི་མཚོན་པའི་ཁོ་རང་ཚོ་ཚང་མར་ཕན་པའི་ཆེད་དུ་ཚོགས་ཁང་དེ་བརྒྱབ་པ་ཡིན།
དྲི་བ། མ་འོངས་པར་དགོན་པ་དེ་ཁྱེད་རང་གིས་མུ་མཐད་དུ་བདག་པོ་རྒྱག་རྒྱུ་ཡིན་ནམ།
ལན། ཚོགས་ཁང་དེ་ང་རང་གི་དགོན་པ་ཡིན་བསམ་ནས་བདག་བཟུང་བྱེད་རྒྱུའི་དམིགས་ཡུལ་གང་ཡང་མེད། ཚོགས་ཁང་དེ་མཇུག་ཡོངས་སུ་གྲུབ་པ་དང་ཁོ་རང་ཚོར་རྩིས་སྤྲོད་བྱེད་འཆར་ཡོད། ངས་ཐོག་མའི་དམིགས་ཡུལ་དེ་ཡང་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་སུ་ཞིག་ཕེབས་ཀྱང་། དེའི་༧གོང་ས་མཆོག་གི་བཀའ་དགོངས་ནང་བཞིན་མང་ཚོགས་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཞིག་ཆགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
དྲི་བ། བདེ་ཆེན་ཞིང་སྒྲུབ་ཀྱི་གསུང་ཆོས་མི་མང་ལ་བསྩལ་དགོས་པའི་དགོངས་གཞི་གཙོ་བོ་གང་ཡིན།
ལན། བདེ་ཆེན་ཞིང་སྒྲུབ་དེ་བོད་ནང་དུ་དར་སྲོལ་ཆེན་པོ་རེད། དཔེར་ན། ༧སྐྱབས་རྗེ་ཡིད་བཞིན་ནོར་བུ་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་མཆོག་གི་ཆོས་སྒར་དང་། སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ཁོང་རྣམ་པའི་བཀའ་དྲིན་འོག་ཁམས་ཀྱི་ཕྱོགས་ལ་བདེ་ཆེན་ཞིང་སྒྲུབ་དེ་དཔེ་མི་སྲིད་པའི་དར་ཁྱབ་ཆེན་པོ་རེད། རྒྱ་གར་དང་བལ་ཡུལ་སོགས་སུ་སྒྲུབ་ཆེན་ཚོགས་རྒྱུ་དང་དབང་སྐུར་བ་མ་གཏོགས་མི་མང་གི་ཆེད་དུ་བདེ་ཆེན་ཞིང་སྒྲུབ་དང་སྨྱུང་གནས་དེ་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གསུང་སྲོལ་མེད་པའི་བཟོ་འདྲ་བོ་མཐོང་སོང་། དེ་འདྲ་ཡིན་དུས་ངའི་ངོས་ནས་ཕྱི་ལོ་༢༠༠༥ ལོར་༧གོང་ས་མཆོག་གི་སྐུ་མདུན་ནས་ཁས་ལེན་བྱས་པ་ནས་བཟུང། ད་ལྟའི་བར་རྒྱ་བལ་འབྲུག་གསུམ་དང་ནུབ་ཕྱོགས་ཨ་རིའི་མངའ་སྡེ་ཁག་བཅས་སུ་ནང་ཆོས་ངོ་སྤྲོད་དང་བདེ་ཆེན་ཞིང་སྒྲུབ་ཀྱི་གསུང་ཆོས་བཤད་དང་བཤད་མུས་ཡིན།
མོན་གྷོ་གསར་འགོད་པས་བཅར་འདྲི་བྱས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༨ ཕྱི་ལོ་ ༢༠༡༢/༨/༨ ཉིན་གྱི་ཐོག་བཀོད་ཡོད།