གཞོན་ནུ་དཔལ་ལྡན་འཛིན་བཟུང་བཀག་ཉར།

མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་བན་ཡུལ་ཚོ་ནས་ཡིན་པའི་འབྲོག་པ་གཞོན་ནུ་དཔལ་ལྡན་ཟེར་བ་ཞིག་རྒྱ་གཞུང་གིས་བོད་དོན་ལས་འགུལ་བའི་སྣེ་ཁྲིད་པའི་ཉེས་མིང་འོག་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག

དེ་ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཟླ་འདིའི་ཚེས་༡༣ ཉིན་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་བན་ཡུལ་འཚོའི་ འབྲོག་སྡེ་ནས་ཡིན་པ་གཞོན་ནུ་དཔལ་ལྡན་ཟེར་བ་ཡུལ་ཚོའི་ཇ་ཁང་ཞིག་ཏུ་ཡོད་སྐབས། རྨ་ཆུ་རྫོང་གི་བདེ་འཇགས་རུ་ཁག་ཟེར་བ་དང་སྤྱི་བདེ་ཇུས་ཟེར་བ་གཉིས་མཉམ་འབྲེལ་གྱིས། འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ཉིན་དེར་ཁོང་རྫོང་ཐོག་ཏུ་ཁྲིད་སོང་བ་ཙམ་ལས་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་མི་འདུག

ཕྱི་ཚེས་ ༢༠ ཉིན་འབྲེལ་ཡོད་ཀྱི་ཡུལ་མི་བཅུ་གྲངས་ཤིག་རྫོང་ཐོག་ཏུ་སོང་སྟེ་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བ་བྱེད་སྐབས། ཁོང་ཚོའི་ནང་ནས་མི་ལྔ་ལས་ཁུངས་ནང་དུ་ཡོང་བཅུག་སྟེ་རྒྱ་དཔོན་ཚོས་བཤད་དོན། གཞོན་ནུ་དཔལ་ལྡན་ཕྱི་ལོ་ ༢༠༠༨ ལོར་དབལ་བན་ཡུལ་འཚོ་རུ་སེར་སྐྱ་མི་མང་གིས་ཉིན་གསུམ་རིང་། ངོ་རྒོལ་བྱེད་སྐབས་ཀྱི་མི་མང་གི་ཚོགས་གཙོའམ་འགོ་ཁྲིད་གཙོ་བོ་དེ་ཡིན་པ་ང་ཚོས་འདིར་འཛིན་བཟུང་བྱས་པའི་མི་མང་བོ་ཞིག་གིས་ཤོད་བཞིན་འདུག  དེ་བས་ང་ཚོས་གཞོན་ནུ་དཔལ་ལྡན་ཁོང་འདིར་སྐད་བཏང་བ་ཡིན། ང་ཚོས་ད་དུང་ཟླ་གཅིག་རིང་ཁོང་ལ་འདྲི་གཅོད་བྱས་རྗེས་གཏོང་རྒྱུ་ཡིན་པས་ཁྱེད་རང་ཚོ་ཕྱིར་སོང་། ཞེས་བཤད་འདུག

ད་ལྟའི་ཆར་གཞོན་ནུ་དཔལ་ལྡན་ས་གནས་གང་དུ་ཡོད་མེད་དང་གནས་སྟངས་གང་ཡིན་གྱི་གནས་ཚུལ་ཅི་ཡང་གསལ་པོ་ཤེས་རྟོགས་མེད་པ་དང་།  འབྲེལ་ཡོད་ཀྱིས་བཤད་པ་ལྟར་ན། སྤྱིར་གཞོན་ནུ་དཔལ་ལྡན་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་རྒྱ་མིས་ཐེངས་མང་འཛིན་གྲབས་བྱས་འདུག་ཀྱང་། མཚམས་རེ་ཁོང་རི་མགོ་དང་ལུང་ཁོག་སོགས་སུ་བྲོས་བྱོལ་དུ་སོང་བ་སོགས་བྱས་ཏེ་ད་བར་འཛིན་བཟུང་བྱེད་ཐུབ་མེད་པ་དང་། ཁོང་ད་ལྟ་རང་ལོ་ ༣༤ ཕ་མིང་ལ་མགོན་ཚེ་དང་། མ་མིང་ལ་བདེ་ཆེན་ཟེར་གྱི་ཡོད་པ་རེད།།