རང་བསྲེག་ལས་འགུལ་དང་འབྲེལ་བའི་སྙན་ཐོ།

ཉེ་ཆར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་བོད་ནང་གི་རང་ལུས་མེ་བསྲེགས་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཏེ། རྒྱ་གཞུང་གིས་མུ་མཐུད་བོད་ནང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་གིས། བོད་ནང་རང་བསྲེག་ལས་འགུལ་བསྟུད་མར་ཡོང་གི་ཡོད་པའི་ཐད་དམིགས་བསལ་གྱི་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་འདིའི་ནང་དེང་སྐབས་བོད་ནང་རང་ལུས་མེ་བསྲེག་གི་གནས་ཚུལ་མང་དུ་འགྲོ་གི་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་མང་པོར་ཁྱབ་ནས་འགྲོ་གི་ཡོད་པ་དེས། དོན་ངོ་མར་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་ཕམ་ཉེས་ཕྱིན་པའི་རྟགས་མཚན་ཞིག་ཡིན་ན་ཡང་། རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་གནས་ཚུལ་དེ་དག་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བདེ་འཇགས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཁོ་ནར་ངོས་འཛིན་བྱས་ཏེ། བོད་ནང་མུ་མཐུད་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་སྔར་ལས་ཤུགས་ཆེ་བ་བྱེད་ཀྱི་ཡོད་སྐོར་འཁོད་ཡོད་པ་རེད།

ཡང་སྙན་ཐོ་དེའི་ནང་མུ་མཐུད་དུ་འཁོད་དོན། ཐོག་མའི་ཆར་རང་བསྲེག་ལས་འགུལ་བ་མང་ཆེ་བ་དགེ་འདུན་པ་ཆགས་ཡོད་ན་ཡང་། དེང་སྐབས་མི་སྐྱ་མང་པོས་ཀྱང་རང་བསྲེག་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད། ས་ཆའི་དབང་དུ་བྱས་ན་ཡང་། དེ་སྔོན་རང་བསྲེག་ལས་འགུལ་བ་མང་ཆེ་བ་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་བོད་མིའི་ས་ཁུལ་ཁག་ཆགས་ཡོད་ན་ཡང་། དེང་སྐབས་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། ཀན་སུ་བཅས་ལ་གནས་ཚུལ་དེ་འབྱུང་བཞིན་ཡོད་སྐོར་དང་། ཡང་སྙན་ཐོ་དེའི་ནང་དེང་སྐབས་བོད་ནང་ལ་རང་ལུས་མེར་བསྲེག་གི་གནས་ཚུལ་ཐབས་སྡུག་ཡོང་གི་ཡོད་པ་དེ་ནི། རྒྱ་གཞུང་གིས་ཁྲིམས་བེད་སྤྱད་དེ་བོད་མིའི་རིག་གཞུང་གཏོར་བཤིགས་དང་། མི་རིགས་ལ་མནར་གཅོད་སྔར་ལས་ལྷག་པ་གཏོང་བ་དང་། དེ་བཞིན་རྒྱ་གཞུང་དང་༧གོང་ས་མཆོག་གི་དབར་གྱི་གྲོས་མོལ་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་མ་ཐོན་པས་ཡིན་སྐོར་སོགས་འཁོད་ཡོད་འདུག