གསེར་རྟ་རྫོང་དུ་བོད་མི་ཞིག་འཛིན་བཟུང་།
རྒྱ་གཞུང་གི་ཉེན་རྟོག་པས་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྫོང་ཡར་ལུང་ཡུལ་ཚོ། ཆོས་སྐོར་སྨད་མ་སྡེ་བའི་རང་ལོ་༣༤ ཡིན་པ། མིང་ལ་ཚེ་སྐྱབས་ཟེར་བ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
དེ་ཡང་འབྲེལ་ཡོད་བརྒྱུད་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༢ ཉིན་གྱི་བོད་ནང་གི་ཆུ་ཚོད་༣ ཡས་མས་སུ། ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྫོང་ཡར་ལུང་ཡུལ་ཚོ། ཆོས་སྐོར་སྨད་མ་སྡེ་བའི་རང་ལོ་༣༤ ཡིན་པ་མིང་ལ་ཚེ་སྐྱབས་ཟེར་བ་ཞིག རྒྱ་གཞུང་གི་ཉེན་རྟོག་པས་འདི་ལོའི་ལོ་སར་བཀག་འགོག་དང་། གསང་བ་ཕྱིར་བསྒྲགས། དེ་བཞིན་ནམ་རྒྱུན་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་བའི་ཉེས་མིང་འོག འབར་ཁམས་ནས་གསེར་རྟ་རྫོང་ཐོག་ཏུ་ཡོང་སའི་གནུབས་ཟུར་ཡུལ་ཚོ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟའི་ཆར་ཁོང་གསེར་རྟ་རྫོང་གི་བཀག་ཉར་ཁང་དུ་ཡོད་པ་ཙམ་ལས། གཞན་ཁོང་གི་གནས་སྟངས་གསལ་པོ་ཤེས་རྟོགས་ཐུབ་མེད་པ་རེད།
ཁོང་གི་ཕ་མིང་ལ་གུ་རུ། ཚེ་འདས་དང་། མ་མིང་ལ་ཐུགས་སྐྱིད་ཟེར་གྱི་ཡོད་འདུག་ལ། བཟའ་ཟླའི་མིང་ལ་གཡང་རྡོ་དང་རང་ལོ་༣༥ ། ཁོང་ལ་ནང་དུ་བུ་མོ་བདེ་སྐྱིད་མཚོ་ཟེར་བ་རང་ལོ་༡༦ ཅན་ཞིག་དང་། བུ་བསོད་ནམས་ཟེར་བ་རང་ལོ་༡༧ ཅན་གཉིས་ཡོད་འདུག ཁོང་གིས་ནམ་རྒྱུན་ཚེམ་བཟོ་དང་ཟ་ཁང་གི་ལས་ཀ་གཉེར་ནས་འཚོ་བ་སྐྱེལ་གྱི་ཡོད་པ་རེད་འདུག