ས་གནས་གཞོན་ལྷན་གྱི་ཚོགས་གཙོ་ཁག་ཅིག་ལ་བཅར་འདྲི།
ཟླ་འདིའི་ཚེས་༨ ཉིན་སྦིར་གཞིས་ཆགས་སུ་བསྐོང་འཚོགས་བྱས་པའི་གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐེངས་༤༣ པའི་ཐོག་བཅར་བའི་ས་གནས་གཞོན་ནུའི་ཚོགས་གཙོ་ཁག་ཅིག་ལ། ལོ་གཅིག་གི་རིང་ས་གནས་ཀྱི་ལས་དོན་བྱེད་ཕྱོགས་དང་། ས་གནས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་བཅར་འདྲི།
རྒྱ་གར་བྱང་ཕྱོགས་ཀུ་ལུ་མུ་ན་ལིའི་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་དངོས་གྲུབ་ཀྱིས། “ང་ཚོས་ལོ་རྟག་པར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད། དེ་བཞིན་རང་ལུས་མེར་སྲེག་ལྟ་བུའི་ཛ་དྲག་གནས་ཚུལ་ག་དུས་བྱུང་བ་གོ་མ་ཐག་ཏུ་མཆོད་འབུལ་དང། མར་མེའི་ཁྲོམ་སྐོར། བོད་དོན་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་སོགས་ཀྱི་ལས་འགུལ་དུས་ཐོག་ཏུ་སྤེལ་གྱི་ཡོད། ལོ་སྔོན་མར་དམིགས་བསལ་གྱི་ལས་འགུལ་རྒྱ་གཞུང་གི་སྲིད་འཛིན་ཧུ་ཅིན་ཐའོ་རྒྱ་གར་དུ་ཡོང་སྐབས་ཀྱང་ངོ་རྒོལ་ལས་འགུལ་ནང་ང་ཚོ་མཉམ་ཞུགས་བྱས་པ་ཡིན། དེ་བཞིན་རྒྱུན་ལས་ཁག་ཅིག་ནམ་རྒྱུན་ས་གནས་རང་ལ་ཆེད་གཉེར་གྱི་དུས་ཐོག་གི་ལས་འགུལ་སྤེལ་ཆེད་བསྡད་དེ་ལས་འགུལ་སྤེལ་གྱི་ཡོད་”ཅེས་བརྗོད་སོང།
ཡང་ཁོང་གིས་ས་གནས་གཞོན་ནུའི་དཀའ་ངལ་སྐོར་བརྗོད་དོན། “ང་ཚོའི་གཞིས་ཆགས་ཁག་གི་ནང་ས་གནས་གཞོན་ནུའི་ཚོགས་མིར་འཛུལ་ཞུགས་བྱེད་མཁན་མེད་པའི་དཀའ་ངལ་འདུག དེའི་རྒྱུ་མཚན་དེ་ཡང་ང་ཚོ་ས་གནས་ཁ་འཐོར་ཡིན་པར་བརྟེན། ལས་ཀ་མང་པོ་མེད་པ་དང་རྒྱུན་ལས་ཚོ་ས་གནས་རང་ལ་བསྡད་ནས་ལས་འགུལ་ཏག་ཏག་སྤེལ་མི་ཐུབ་པས་རེད་བསམ་གྱི་ཡོད། དེར་བརྟེན། མ་འོངས་པར་གཞོན་སྐྱེས་ཚོར་ཆབ་སྲིད་གོ་རྟོགས་སྤེལ་ཆེད་ཀྱི་ལས་འགུལ་དང། བོད་རང་བཙན་སླར་གསོ་ཡོང་ཐབས་ཀྱི་ཟབ་སྦྱོང་གང་མང་མང་སྤེལ་དགོས་ཀྱི་རེད་བསམ་གྱི་ཡོད་ཅེས་”བརྗོད་སོང་།
རྒྱ་གར་བྱང་ཤར་ཀ་ལི་སྤུངས་ས་གནས་གཞོན་ནུའི་ཚོགས་གཞོན་བསོད་ནམས་གཡུལ་རྒྱལ་གྱིས། “དབུས་གཞོན་ལྷན་ནས་ལས་འགུལ་གྱི་བཀོད་ཁྱབ་བཏང་བ་བཞིན། ཀ་ལི་སྤུངས་ས་གནས་གཞོན་ནུའི་ངོས་ནས་དེ་དང་འདྲ་བར་ལས་འགུལ་སྤེལ་གྱི་ཡོད་ལ། ས་གནས་བུད་མེད་དང་མི་མང་མཉམ་རུབ་ཀྱིས་མཚམས་རེར་ཛ་དྲག་གི་གནས་བབས་ལ་གཞིགས་ཏེ་ལས་འགུལ་གསར་པ་དེ་འདྲ་ཡང་སྤེལ་གྱི་ཡོད། ལོ་སྔོན་མར་ཆ་བཞག་ན་ལོ་གསར་ཚེས་༡ ནས་ཚེས་༣ བར་ཟས་བཅད་ངོ་རྒོལ་དང། དགོང་མོར་ས་གནས་རྒྱ་གར་གྱི་གནད་ཡོད་མི་སྣ་མགྲོན་འབོད་ཀྱིས་མར་མེའི་ཁྲོམ་སྐོར་བྱས་ཡོད་”ཅེས་བརྗོད་སོང།
ཡང་ཁོང་གིས་ས་གནས་སུ་མང་ཚོགས་ཁྲོད་བོད་ཀྱི་རིག་གཞུང་ཉམས་ཆག་སྐོར་བརྗོད་དོན། “ཀ་རྡོར་སྒང་གསུམ་ལ་དཀའ་ངལ་ཆེ་ཤོས་དེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱང་མཁན་མེད་པ་དེ་རེད། ད་ལྟའི་ཆར་ཀ་རྡོར་སྒང་གསུམ་གྱི་གཞིས་ཆགས་ཁག་གི་ཕྲུ་གུ་ཚང་མ་དབྱིན་ཇིའི་སློབ་གྲྭར་འགྲོ་ཡི་ཡོད་པས། བོད་ཀྱི་སྐད་ཡིག་སྦྱོང་མཁན་ཡོད་པ་མ་རེད། དེར་བརྟེན། ང་ཚོའི་ས་གནས་ཁག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་བརླགས་ཚར་པ་དེ་དཀའ་ངལ་ཆེ་ཤོས་རེད། ཡིན་ན་ཡང་ང་ཚོ་ནོར་བ་རྒྱུན་འབྱམས་སུ་འགྲོ་བཅུག་ནས་མ་བསྡད་པར། མ་འོངས་པར་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཟབ་སྦྱོང་གང་མང་མང་ཞིག་གོ་སྒྲིག་བྱེད་དགོས་པ་གལ་ཆེན་པོ་རེད་འདུག”ཅེས་བརྗོད་སོང་།
བལ་ཡུལ་ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་དབང་སྒྲོལ་མས། “བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་འོག་ལ་བལ་ཡུལ་གྱི་ས་གནས་ཁག་ལྔའི་ས་གནས་གཞོན་ནུ་ཡོད་པ་རེད། ང་ཚོས་ནམ་རྒྱུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་གྲོས་ཆོད་ལྟར། ལས་འགུལ་ཚང་མ་བྱེད་ཀྱི་ཡོད་པ་རེད་ལ། དེ་དང་མཉམ་དུ་སྤྱི་ཚོགས་ཞབས་ཞུ་རྒན་ཁོག་ལ་རོགས་པ་དང་། བོད་ནས་གསར་དུ་ཕེབས་མཁན་ཚོར་རོགས་པ་བྱེད་རྒྱུ། དམིགས་བསལ་༢༠༡༢ ལོའི་དུས་དབང་སྐབས་མི་མང་ལ་སྐད་སྒྱུར་གྱི་རོགས་པ་སོགས་བྱས་ཡོད་ཅེས་”བརྗོད་སོང།
ཡང་ཁོང་གིས་ས་གནས་སུ་རྒྱ་གཞུང་གིས་གནོན་ཤུགས་འོག་ལས་འགུལ་སྤེལ་སྐབས་དཀའ་ངལ་ཡོད་སྐོར་བརྗོད་དོན། “ལས་འགུལ་ཆེ་ཆུང་གི་ཁྱད་པར་ཡོད་པ་མ་རེད། ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ན་ཡང་དཀའ་ངལ་ཡོད་པ་རེད། བལ་ཡུལ་གཞུང་རང་གིས་ང་ཚོ་ལ་གནོན་ཤུགས་དེ་འདྲ་སྤྲད་ཀྱི་རེད་བསམ་གྱི་མེད། ཡིན་ན་ཡང་རྒྱ་ནག་གཞུང་ཚབ་ཀྱིས་བལ་ཡུལ་ལ་གནོན་ཤུགས་སྤྲད་ཡོང་དུས་ང་ཚོ་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། ང་ཚོས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ། མར་མེའི་ཁྲོམ་སྐོར་ལྟ་བུ་བྱེད་སྐབས་ཉེན་རྟོག་པ་དང་སོ་པ་དེ་འདྲ་སླེབས་ནས་དཀའ་ངལ་འཕྲད་ཀྱི་འདུག་ལ། ང་ཚོས་ནམ་རྒྱུན་དུ་ལྷག་དཀར་སྲུང་བརྩི་གཙོས་ལས་འགུལ་མང་པོ་ཞིག་སྤེལ་གྱི་ཡོད། ག་དུས་ཡིན་ན་ཡང་སོ་པ་དེ་འདྲ་བཏང་ནས། མཚམས་མཚམས་ལས་འགུལ་མ་སྤེལ་བའི་སྔོན་ནས་ལས་འགུལ་བ་འཇུ་བཟུང་བྱས་པ་དེ་འདྲ་ཡང་བྱུང་སོང་། ཡང་རྒྱ་གཞུང་གི་དཔོན་པོ་དེ་འདྲ་ཡོང་གྲབས་བྱེད་སྐབས་ཀྱང་མ་ཡོང་བའི་སྔོན་ནས་ང་ཚོ་གཞོན་ནུའི་རྒྱུན་ལས་ཚོར་མིག་རྟགས་བརྒྱབ་ནས་འཇུ་བཟུང་བཀག་ཉར་བྱས་པའི་དཀའ་ངལ་དེ་འདྲ་ཡང་འཕྲད་མྱོང་། ཡིན་ན་ཡང་དཀའ་ངལ་འཕྲད་མིན་ལ་མ་ལྟོས་པར་ད་ལྟའི་བར་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་ལ། མ་འོངས་པ་ཡིན་ན་ཡང་སོ་སོའི་ས་གནས་ཀྱི་དཀའ་ངལ་ལ་དཔག་པའི་ལས་འགུལ་བར་མ་ཆད་དུ་སྤེལ་རྒྱུ་ཡིན”ཞེས་བརྗོད་སོང་།
མཐར་ཁོང་གིས་ལས་འགུལ་བ་ཚོ་འཇུ་བཟུང་བྱེད་སྐབས་གློད་གྲོལ་གཏོང་ཐབས་ཀྱི་ཐད་ནས་བརྗོད་སྐབས། “ལས་འགུལ་བ་བལ་ཡུལ་གཞུང་གིས་འཇུ་བཟུང་བྱས་རྗེས་མཚམས་མཚམས་སུ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རོགས་སྐྱོར་འོག་གློད་གྲོལ་ཡོང་ཐབས་བྱེད་ཀྱི་ཡོད་ལ། ཡང་མཚམས་རེ་ཁྲིམས་རྩོད་པ་རོགས་པ་བྱེད་མཁན་ཡང་ཡོད། ཉེ་ཆར་བལ་ཡུལ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་འགྲམ་དུ་སློབ་ཕྲུག་༡༣ གྱིས་ལས་འགུལ་སྤེལ་སྐབས། གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད། ཁོང་ཚོ་སློབ་མ་ཡིན་པས། སྐབས་དེར་ཚོགས་པ་དང་། སྐྱིད་སྡུག་ཁག་གིས་དངུལ་གྱི་འགྲོ་སོང་མང་པོ་ཞིག་བཏང་ནས་ཕྱིར་བླངས་པ་ཡིན། ཁོང་ཚོས་ཡིག་ཚད་གཏོང་དགོས་ཀྱི་ཡོད་རེད་མ་གཏོགས། གཞན་ལས་འགུལ་སྤེལ་མཁན་སོ་སོས་སེམས་ཐག་གཙང་བཅད་ཀྱིས་ལས་འགུལ་སྤེལ་གྱི་ཡོད་པས། དུས་རྒྱུན་བལ་ཡུལ་གཞུང་གི་ངོས་ནས་གློད་གྲོལ་བཏང་མ་ཡོང་བར། ང་ཚོས་དམིགས་བསལ་གྱིས་སྒོར་མོ་སྤྲད་ནས་གློད་གྲོལ་ཡོང་ཐབས་བྱེད་ཀྱི་མེད་”ཅེས་བརྗོད་སོང་།།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༠ ཕྱི་ལོ་ ༢༠༡༢/༨/༢༢ ཐོག་བཀོད།