ཀུ་ཤུ་རྟགས་ཅན་དང་སེམ་སང་བཟོ་གྲྭའི་བར་གྱི་ཁ་མཆུ།

འདས་པའི་བདུན་ཕྲག་གསུམ་གྱི་སྔོན་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭ་དང་སམ་སེང་(Samsung)བཟོ་གྲྭའི་བར་ཁྲིམས་ཁང་དུ་ཁ་མཆུ་བརྒྱབ་ཡོད་པ་དང།  ཀུ་ཤུ་རྟགས་ཅན་གྱི་ཁེ་དབང་སྒེར་སྤྱོད་ཀྱི་ཐོབ་ཐང་ (Patent Rights) དེ་སེམ་སང་གིས་ཆོག་མཆན་མེད་པར་འདྲ་བཤུས་བྱས་པའི་གྱོེད་གཞི་དེ་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭར་ཐོབ་འདུག

དེ་ཡང་ཟླ་འདིའི་ཚེས་༢༨  ཉིན་ཨ་རིའི་ཁྲིམས་ཁང་ཞིག་ནས་ཀུ་ཤུ་རྟགས་ཅན་གྱི་བཙུགས་པའི་གྱོད་གཞི་ཕལ་ཆེ་བ་རྒྱུ་མཚན་དཔང་རྟགས་ཡོད་པར་ར་འཕྲོད་བྱུང་རྗེས།  སེམ་སང་གིས་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭར་གུན་གསབ་ ཨ་སྒོར་ཐེར་འབུམ་གཅིག་ལྷག་(ཨ་སྒོར།  ༡,༠༤༩,༣༤༣,༥༤༠) སྤྲོད་དགོས་པའི་ཁྲིམས་ཐག་བཅད་ཡོད་པ་རེད།

ཀུ་ཤུ་རྟགས་ཅན་ལ་རྒྱལ་ཁ་ཐོབ་རྗེས་ཁྲིམས་ཁང་ནས་སེམ་སང་གི་ལག་ཐོགས་ཁ་པར་ཁྲོམ་རྭ་ནས་བཀག་འགོག་དགོས་པ་རྣམས་ཀྱི་མཐོ་གཞུང་འབུལ་དགོས་ཞེས་བཀའ་བཏང་བ་བཞིན།  ཀུ་ཤུ་རྟགས་ཅན་གྱིས་ཀྱང་སེམ་སང་གྱི་ལག་ཐོགས་ཁ་དཔར་བཟོ་དབྱིབས་རྙིང་པ་ (Old Model) བརྒྱད་ཀྱི་མཐོ་གཞུང་ཕུལ་ཡོད་པ་དང།   དེ་དག་བརྒྱད་པོ་སྟེ།  ༡༽ Galaxy S 4G, ༢༽ Galaxy S2 AT&T model, ༣༽ Galaxy S2 Skyrocket, ༤༽ Galaxy S2 T-Mobile model, ༥༽ Galaxy S2 Epic 4G, ༦༽ Galaxy S Showcase, ༧༽ Droid Charge and ༨༽ Galaxy Prevail. བཅས་ཡིན་འདུག

དེའི་མ་ཚད་ཀུ་ཤུ་རྟགས་ཅན་བཟོ་གྲྭས་སེམ་སང་གི་ཐོན་གསར་ལག་ཐོགས་ཁ་དཔར་(New Model) ཁག་བཅུ་བཞི་ཁྲོམ་རྭ་ནས་བཀག་འགོག་དགོས་པའི་ཞུ་གཏུགས་བྱས་འདུག  གྱོད་གཞི་དེའི་ཐོག ༢༠༡༤  ལོར་ཉན་ཞིབ་བྱ་རྒྱུའི་དུས་ཚོད་གཏན་འབེབས་གནང་འདུག

སྤྱིར་ད་ལྟའི་གྱོད་གཞིའི་རྒྱལ་ཁ་དེ་ཀུ་ཤུ་རྟགས་ཅན་བཟོ་གྲྭར་ཐོབ་ཡོད་རུང།  སེམ་སང་གི་ངོས་ནས་ཐག་གཅོད་དེར་བསྐྱར་དུ་ཞུ་གཏུགས་ཀྱི་གོ་སྐབས་དགོས་པའི་འབོད་སྐུལ་ཞུས་པ་བཞིན། ཁྲིམས་ཁང་ནས་རྗེས་མའི་ཟླའམ་ཟླ་བ་༡༢  ཚེས་༦  གང་རུང་ཞིག་ལ་ཉན་ཞིབ་བྱ་རྒྱུའི་བརྡ་ཁྱབ་བཏང་འདུག

ཁྲིམས་ཐག་གཅོད་མཁན་གྱི་ཁྲིམས་དཔོན་དེར་གུན་གསབ་དངུལ་ཆད་ལྡབ་སུམ་འགྱུར་སྤར་རྒྱུ་དང།  དེ་མིན་ཀུ་ཤུ་རྟགས་ཅན་གྱི་ཁྲིམས་རྩོད་པའི་གླ་ཕོགས་ཀྱང་སེམ་སང་ནས་འཇལ་རྒྱུའི་དབང་ཚད་ཡོད་ལུགས་བརྗོད་མཁན་ཡང་འདུག

སྤྱིར་སེམ་སང་དེ་ལྷོ་ཀོ་རི་ཡའི་བཟོ་གྲྭ་འབྱོར་ལྡན་ཆེ་ཤོས་དེ་ཡིན་པ་དང།  ལག་ཐོག་ཁ་པར་བཟོ་བསྐྲུན་གཙོས་གཞན་ཚོང་ལས་སྣ་ཚོགས་གཉེར་མཁན་གྱི་རྒྱལ་སྤྱིའི་བཟོ་གྲྭ་སྐད་གྲགས་ཆེ་བ་ཞིག་ཡིན་པ་རེད།

ཀུ་ཤུ་རྟགས་ཅན་ནི་ཨ་རིའི་བཟོ་གྲྭ་ཞིག་ཡིན་པ་དང།  ཉེ་བའི་ཆར་ཁོང་ཚོས་ཨ་ཡི་པེཌ་དང།  ཨ་ཡི་པོཌ།  དེ་བཞིན་ཨ་ཡི་ཧྥོན་སོགས་འཕྲུལ་ཆས་གསར་གཏོད་གཅིག་རྗེས་གཉིས་མཐུད་ཀྱིས་ཁྲོམ་རྭར་དངོས་ཟོག་རྒྱུག་ཆེན་པོ་ཡིན་པ་རེད།

ད་ལྟའི་ཆར་འཛམ་གླིང་ནང་ལག་ཐོགས་ཁ་པར་རྒྱུག་ཆེ་ཤོས་གསུམ་ནི།  དང་པོ་སེམ་སང། (Samsung) དང།  གཉིས་པ་ནཱོ་ཀི་ཡ།  (Nokia) གསུམ་པ་ཀུ་ཤུ་རྟགས་ཅན་ཡིན་པ་རེད།།