ཁམས་ཁྲི་འདུ་རྫ་སྟོད་ཤང་དུ་ལྷག་དཀར་སྲུང་རྩིའི་ལས་འགུལ།
ཕྱི་༨ཚེས་༢༩ ཉིན་སྟེ། ༧གོང་ས་མཆོག་གི་སྐུའི་བླ་གཟའ་ཉིན། ཁམས་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་རྫ་སྟོད་ཤང་ཁོངས་སུ་གཏོགས་པའི་བོད་རིགས་ཚོང་པ་འགའ་ཤས་ཀྱིས་༧གོང་ས་མཆོག་སྐུ་ཚེ་བརྟན་ཆེད། བཤས་ར་ནས་ར་ལུག་འབོར་ཆེན་སྲོག་བླུ་བྱས་འདུག
དེ་ཡང་༧གོང་ས་མཆོག་གི་སྐུའི་བླ་གཟའ་ཉིན་བོད་གཞིས་བྱེས་གཉིས་སུ་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན། ཁམས་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་རྫ་སྟོད་ཤང་ཁོངས་སུ་གཏོགས་པའི་བོད་རིགས་ཚོང་པ་འགའ་ཤས་ཀྱིས་མ་སྐུལ་དྭང་བླངས་ཐོག་ནས། ༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུ་ཚེའི་ཚེ་སྒྲུབ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བར་དམིགས་ནས། རྒྱ་སྒོར་ཁྲི་བརྒྱ་ལྷག་འགྲོ་སོང་བཏང་སྟེ་རྒྱ་མི་དག་གིས་བཤས་རའི་ནང་འཁྲིད་བཞིན་པའི་ར་ལུག་འབོར་ཆེན་གྱི་སྲོག་བླུ་བྱས་ཡོད་པ་རེད།
ར་ལུག་རྣམས་ས་གནས་དེ་རང་ནས་རྒྱ་མིའི་སྣུམ་འཁོར་ནས་བཏོན་ཏེ་ཚེ་ཐར་བཏང་ཡོད་པ་མ་ཟད། བོད་པ་ཞིག་གིས་ལུག་དེ་དག་མ་ཤི་བར་དུ་འཚོ་སྐྱོང་གང་ལེགས་བྱེད་རྒྱུ་ཡིན་ཞེས་ཟིལ་དཀར་དགོན་པའི་དགེ་འདུན་པ་རྣམས་དཔང་དུ་བཙུགས་ཏེ་ཁས་ལེན་གནང་འདུག
ཁམས་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་རྫ་སྟོད་ཤང་ནི། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༠ ཉིན་རྒྱལ་གཅེས་དཔའ་བོ་དམ་པ་ངག་དབང་ནོར་འཕེལ་ལགས་དང་། བསྟན་འཛིན་མཁས་གྲུབ་ལགས་གཉིས་ཀྱིས། དུས་གཅིག་ལ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱ་སའི་ས་ཆ་དེ་ཡིན་པ་རེད།།