མི་འགའ་ཤས་ཀྱི་བྱེད་སྟངས་ལ་བལྟས་ན་ངུ་འདོད་ཀི།
ཨ་མ་མ། ད་ཇི་འདྲའི་སྐྱོ་དགོས་པའི་གནས་ཤིག་རེད་ཨང་། བོད་ཡུལ་ན་བདུན་ཕྲག་རེ་རེའི་ནང་དུ་རང་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་གི་ཆེད་དུ་རང་ལུས་མར་མེ་ལ་ཕུལ་མཁན་ཆད་མེད་ཅིག་རེད་འདུག ཡིན་ནའང་དོན་ཕན་ལྡན་པའི་ཕན་འབྲས་ཤིག་ནི་ཉིན་མོའི་སྐར་མ་དང་རུས་སྦལ་གྱི་སྤུ་བཞིན་མིན་འགྲོ་སྙམ།
འུ་ཚོའི་ལས་དབང་འདིར་དུས་ནམ་ཞིག་ཏུ་སྐྱེ་བུ་སུ་ཞིག་གམ་ཡང་ན་བྱ་བ་གང་འདྲ་ཞིག་གིས་ཁ་ལོ་བསྒྱུར་ཐུབ་པ་ཡིན་ནམ། གལ་ཏེ་མུ་མཐུད་ཏེ་འདི་ལྟར་ཕྱིན་པ་ཡིན་ན་ནམ་ཞིག་གྲངས་ཉུང་མི་རིགས་ཤིག་ཡིན་པའི་ཐོག་ཉུང་ཐོག་ཉུང་ཞེས་པ་དེ་ཆགས་རྒྱུ་རེད་འདུག་ལ། མི་སེམས་ཤུགས་ཅན་ཡོད་ཚད་འཇིག་རྟེན་འདི་དང་ཁ་བྲལ་བ་ཡིན་ན་ང་ལྟ་བུའི་བེད་མེད་རྐྱང་རྗེས་སུ་ལྷག་ཉེན་ཇེ་ཆེ་རེད། དེ་བཞིན་དུ་ང་ལྟ་བུའི་འདི་ཚོ་ནི་ཡོད་ཀྱང་མེད་རུང་ཕན་ཐོགས་གཅིག་ཀྱང་མེད་པར་ཐག་གིས་བཅད་ཐུབ། དཔེར་ན་མེག་ལོ་ཁྲོམ་གཞུང་ནས་གཙུག་ལག་ཁང་གི་ཉེ་འགྲམ་བར་མར་མེ་ཁྲོམ་སྐོར་ལ་འགྲོ་ཐུབ་ཀྱི་མེད་པའི་རྡ་སའི་ཕོ་གཞོན་མོ་གཞོན་འགའ་ཤས་ཤིག་ལ་བལྟས་ན་ཤེས་ཐུབ། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འཆི་མི་ཐུབ་རུང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུ་ཡིས་ལས་འགུལ་གང་སྤེལ་བ་ཡིན་ནའི་ཞུགས་ཐུགས་རྒྱུ་དེ་གལ་འགངས་ཆེ་མོད། རྡ་སའི་ཕོ་གཞོན་མོ་གཞོན་འགའ་ནི་དེ་ལས་ལྡོག་ཏེ་སྐྱེ་བོ་ཕལ་མོ་ཆེ་མར་མེ་ཁྲོམ་སྐོར་དུ་འགྲོ་སྐབས་བྲོས་བཞིན་པ་དང་ཡང་ན་འཕྲུལ་རྟ་ལ་ཞོན་ནས་ཡིན་མདོག་མདོག་གིས་འབྲེལ་བ་མེད་མདོག་བྱེད་ཀྱི་ཡར་རྒྱུགས་མར་རྒྱུགས་བྱེད་ཀྱིན་པ་འདི་རེད། དེ་དང་དེ་མཚུངས་ཁ་ན་སོ་མེད་ཅིང་མགོའི་སྐྲ་ལོ་དཀར་པོར་འགྱུར་བའི་རྒན་པོ་འགའ་ནི་ཤོར་དང་བག་ལ་མགོ་འཁོར་ནས་ལུས་ནས་ཡོད། མི་འདི་དག་གིས་བྱེད་སྟངས་ལ་བལྟས་ན་སྔོན་མའི་བོད་ཀྱི་གཞུང་ཞབས་ལས་བྱེད་དག་གིས་ཤོར་བག་ལ་འཁོར་བས་རྒྱལ་ཁབ་ཤོར་ཟིན་པ་རེད་ཅེས་ཡང་ཡང་བཤད་ཀྱི་ཡོད་པ་དེ་ཡང་་སྔོན་མ་མིན་ཀྱང་ད་དུང་ཡང་མགོ་འཁོར་ནས་ལུས་བསྡད་ཤག་ཅེས་བཤད་ན་མི་འགྲིག་རྒྱུ་མི་འདུག་སྙྱམ། འདི་དག་ནི་ངུ་འདོད་པའི་གནད་དོན་ཞིག་རེད་ཅེས་བཤད་ཀྱང་མི་ཆོག་རྒྱུ་མི་འདུག་སྙམ།