རྨས་སྐྱོན་ཕོག་པའི་བོད་མི་དེ་སྦེལ་ཀོབ་ཏུ་འབྱོར་འདུག
ང་ཚོ་བོད་པ་དང་རྒྱ་གར་བའི་བར་རྙོག་གྲ་བཟོ་མཁན། གཏོར་བཤིག་གཏོང་རྒྱུའི་ཆེད་དུ་རྒྱ་ནག་གིས་སྒོར་མོ་བཏང་བ་དང་། མི་སྣ་བཏང་བ་དེ་འདྲ་ཡོད་ཡོད་པ་རེད་བསམ་གྱི་འདུག རྒྱ་ནག་གིས་བོད་དང་རྒྱ་གར་གཉིས་ཀ་དགྲ་བོར་འཛིན་གྱི་ཡོད་པ་རེད། དེར་བརྟེན། དེའི་རིགས་ལ་གཟབ་དགོས་ཀྱི་འདུག་ཅེས་རྨས་སྐྱོན་ཕོག་པའི་བསྟན་འཛིན་དར་རྒྱས་ཀྱིས་བརྗོད་སོང་།
མེ་སོར་གྲོང་ཁྱེར་ནས་རྒྱ་གར་བས་གྲིས་བརྒྱབ་པའི་བོད་མི་བསྟན་འཛིན་དར་རྒྱས་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་མེ་སོར་KRགཞུང་འབྲེལ་སྨན་ཁང་ནས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གནས་སྤོ་བྱས་ཡོད་པ་དང་། ཟླ་འདིའི་ཚེས་ ༡ ཉིན་གསར་འགོད་པས་བསྟན་འཛིན་དར་རྒྱས་ལ་ཁྱེད་ལ་གྲི་རྨས་ཐེབས་ནས་རྒྱ་གར་གཞུང་དང་བོད་གཞུང་འབྲེལ་ཡོད་མི་སྣ་ཚོས་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་རེད། དེའི་ཐད་ཁྱེད་ལ་སེམས་ཚོར་གང་བྱུང་དྲིས་པར། ཁོས་ “ང་ལ་སྟབས་མ་ལེགས་པར་དོན་མེད་དཀའ་ངལ་འདྲི་འཕྲད་པ་རེད། དེ་ཡང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་དཀྲོག་གཏམ་གྱིས་སྤྱི་ཚོགས་ཟང་ཟིང་ཆགས་པའི་སྐབས་ཤིག་དང་འཁེལ་བར་སོང་། རྒྱ་གར་གཞུང་དང་། ལྷག་པར་བོད་གཞུང་། འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁང་ཁག་གི་མི་སྣ་ཚང་མར་ཐུགས་འཚབ་སྐྱེས་གཞི་ཞིག་ཏུ་གྱུར་པ་རེད། ཁོང་རྣམས་པས་ང་ལ་གཟིགས་རྟོགས་ཧ་ཅང་ཆེན་པོ་གནང་སོང་། ལྷག་པར་ནང་སྲིད་བཀའ་བློན་མཆོག་གིས་གཙོས་པའི་ལྷོ་སྤྱི་དང་། ས་གནས་འགོ་འཛིན། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། མཉམ་འབྲེལ། ད་དུང་སློབ་གྲྭ་དང་། ས་གནས་གཞོན་ནུ་བུད་མེད་སོགས་ཚོགས་ཁག་ཚང་མ་གཟིགས་སྐོར་ལ་ཕེབས་བྱུང་། རང་ཉིད་ཤི་གསོན་གྱི་གནས་སུ་སླེབས་ཡོད་ནའང་། བོད་མི་ལ་བདག་པོ་རྒྱག་མཁན་དེ་འདྲ་སླེབས་པ་མཐོང་དུས་སེམས་ནང་ལ་བཤད་མི་ཤེས་པའི་དགའ་ཚོར་དང་སྤོབས་པ་སྐྱེས་བྱུང་། ད་དུང་ངའི་སྨན་གྱི་འགྲོ་སོང་ཚང་མ་རྒྱ་གར་དང་བོད་གཞུང་གིས་ཐུགས་ཁུར་གནང་བ་རེད། ངས་དེ་རིང་གི་གོ་སྐབས་བཟུང་འདི་བཟུང་ནས་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།” ཅེས་བརྗོད་སོང་།
ཁོས་མུ་མཐུད་དུ་ཁོ་ལ་གྲིས་རྒྱག་མཁན་སུ་ཡིན་དོགས་པ་ཡོད་མེད་སྐོར་ལ་བརྗོད་དོན། “ང་ལ་རྒྱ་ནག་གཞུང་མ་ཡིན་པའི་དགྲ་བོ་ཟེར་བའམ། མ་དགའ་བ་ཆགས་ས་སུ་གཅིག་ཀྱང་མེད། དེར་བརྟེན་མི་སུ་ཞིག་གིས་ང་གསོད་འདོད་ཀྱིས་གྲིས་བརྒྱབ་པ་རེད། ང་རང་དངོས་གནས་ཧ་ལས་ཧང་སང་གི་འདུག དང་པོ་གྲི་རྨས་བྱུང་སྐབས་ང་ལ་དེའི་སྐོར་བསམ་བློ་གཏོང་རྒྱུའི་གོ་སྐབས་རག་མ་བྱུང་། རྗེས་སུ་ང་ཅུང་ཟད་དྲག་སྐྱེད་རྗེས་སུ་ངས་བསམ་བློ་མང་པོ་བཏང་ཡང་། ང་ལ་རྒྱ་གར་བ་དང་བོད་པ་མ་དགའ་བ་བྱེད་མཁན་སུ་གཅིག་ཀྱང་མེད་པས་དེ་ལས་ཀྱང་ཧང་སང་གི་འདུག གང་ལྟར་ང་ལ་གྲིས་རྒྱག་མཁན་ཁོ་འཛིན་བཟུང་བྱེད་མ་ཐུབ་པར་སུ་ཡིན་འདི་ཡིན་ཟེར་ནས་བཤད་ཤེས་ཀྱི་མ་རེད། དེང་སྐབས་བརྒྱུད་ལམ་ཁག་ཏུ་ཕྱི་རྒྱལ་ནས་རྒྱ་གར་ལ་དཀའ་ངལ་བཟོ་མཁན་བཏང་བའི་མི་སྣ་མང་པོ་བྷེང་ལོར་སོགས་ནས་འཛིན་བཟུང་བྱེད་བཞིན་པའི་གནས་ཚུལ་ཐོན་གྱི་འདུག དེ་ལ་བལྟས་ན་ང་ལ་གྲི་རྒྱག་མཁན་དེ་ཡང་ཉིན་གཅིག་བཟུང་ཡོང་གི་རེད། ” ཅེས་དང་།
མཐར་ཁོང་གིས་ “ང་ཚོ་བོད་པ་དང་རྒྱ་གར་བའི་མི་རིགས་དང་ཆོ་ལུགས། ཚོགས་པ་སྒྲིགས་འཛུགས་སོགས་ཀྱི་བར་ལ་དཀྲུག་ཤིང་རྒྱག་མཁན་དང་། རྙོག་གྲ་བཟོ་མཁན། གཏོར་བཤིག་གཏོང་རྒྱུའི་ཆེད་དུ་རྒྱ་ནག་གིས་སྒོར་མོ་བཏང་བ་དང་། མི་སྣ་བཏང་བ་དེ་འདྲ་ཡོད་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། རྒྱ་ནག་གིས་བོད་དང་རྒྱ་གར་གཉིས་ཀ་དགྲ་བོར་འཛིན་གྱི་ཡོད་པ་རེད། དེར་བརྟེན་ང་ཚོ་རྒྱ་གར་པ་དང་བོད་པ་ཚང་མས་ཐུགས་གཟབ་གནང་དགོས་ཀྱི་འདུག་ཅེས་ང་མི་ཆུང་ཆུང་ཞིག་ཡིན་ཡང་། སྐད་ཆ་དེ་བཤད་དགོས་པའི་ཉམས་མྱོང་ཞིག་རག་བྱུང་།” ཞེས་འགྲེལ་བརྗོད་བྱས་སོང་།
བསྟན་འཛིན་དར་རྒྱས་ལ་ཕྱི་ཟླ་ ༨ ཚེས་ ༡༤ ཉིན་ཕྱི་དྲོ་ངོ་རྟགས་མི་ཆོད་པའི་མི་གཉིས་ཀྱིས་གློ་བུར་དུ་གྲིས་བརྒྱབ་པར་བརྟེན། ཉེན་རྟོག་པའི་སྲུང་སྐྱོབ་འོག་རྒྱ་གར་གཞུང་གི་ KR སྨན་ཁང་དུ་ཉིན་ ༡༧ ཀྱི་རིང་ལ་སྨན་བཅོས་བྱས་རྗེས། ནད་གཞི་ཅུང་ཟད་དྲག་སྐྱེད་ཕྱིན་ཏེ། ད་ལྟ་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་གནས་སྤོ་བྱས་ཡོད་པ་དང་། ད་དུང་སྨན་ཁང་ནས་རྒྱུན་རིང་ཙམ་སྡོད་དགོས་པས་མ་ཚད་ཡང་བསྐྱར་བཤའ་བཅོས་ཐེངས་གཅིག་ཀྱང་བྱེད་དགོས་ཡོད་པ་རེད་འདུག།
མེ་སོར་གསར་འགོད་པས།