སུད་སི་མངའ་སྡེ་ཨ་རོ་ནང་བོད་དོན་གོམ་བགྲོད།
དེ་རིང་སུད་སི་རྒྱལ་ཁབ་ཀྱི་མངའ་སྡེ་ཨ་རོ་གི་ནང་དུ་གནས་སྡོད་ས་གནས་བོད་མའི་ཚོགས་ཆུང་གི་གོ་སྒྲིག་འོག མངའ་སྡེ་ཨ་རོ་ཡི་མེ་འཁོར་འབབ་ཚུགས་ནས་འགོ་བཙུགས་ཏེ་སུད་སི་རྒྱལ་ས་བྷན་གྱི་མེ་འཁོར་འབབ་ཚུགས་བར་དུ་གོམ་བགྲོད་ཅིག་འགོ་བཙུགས་འདུག
དེ་ཡང་ཟླ་འདིའི་ཚེས་༡ ཉིན་འགོ་བཙུགས་པའི་གོམ་བགྲོད་འདིའི་ཐད་ངས་ཁ་པར་བརྒྱུད་ལས་འགུལ་གོ་སྒྲིག་པའི་གྲས་ཀྱི་བསོད་ནམས་ལ་ལས་འགུལ་དེའི་དམིགས་ཡུལ་ཐད་སྐད་ཆ་དྲིས་པར། ཁོང་གིས་༼ང་ཚོ་ཨ་རོ་བོད་མིའི་ཚོགས་ཆུང་གི་ངོས་ནས་ལས་འགུལ་འདི་གོ་སྒྲིག་བྱེད་དགོས་དོན་གཙོ་བོ། ད་ལྟའི་བོད་ཀྱི་རང་ལུས་མེ་སྲེག་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དང་། སོ་སོ་གནས་སྡོད་བྱེད་སའི་ཁོར་ཡུག་ཏུ་ཡོད་པའི་ཕྱི་རྒྱལ་བ་ཚོར་བོད་ཀྱི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་དེའི་ཐད་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་”ཡིན་ཞེས་བརྗོད་སོང་།
ཁོང་གིས་ལས་འགུལ་སྤེལ་ཕྱོགས་ཀྱི་ཐད་ལ་གསུངས་དོན། “ང་ཚོས་བོད་ནང་ནས་ད་ལྟའི་བར་དུ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་པའི་ཆེད་དུ་རང་ལུས་རིན་ཆེན་མཆོད་མེར་ཕུལ་ཟིན་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་འདྲ་པར་གཅིག་ཀྱང་མ་ལུས་པར་མི་རེ་རེས་ལག་ཏུ་བཟུང་ནས་འགྲོ་བཞིན་ཡོད། གཞན་མིང་དང་འདྲ་པར། སྐྱེས་ཡུལ། ཕ་མའི་མིང་། ཁ་ཆེམས་སོགས་ཡིག་ཐོག་ཏུ་ཕབ་ནས་གྲོང་ཁྱེར་དང་གྲོང་རྡལ་བརྒྱུད་མི་མང་ལ་བོད་དོན་ཐད་རྒྱབ་སྐྱོར་གནང་རོགས་ཀྱི་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་བརྗོད་སོང་།
ལས་འགུལ་དེར་ཞུགས་མཁན་ག་ཚོད་ཅིག་ཡོད་མེད་དང་ལམ་ཐག་རིང་ཐུང་ཇི་ཙམ་ཡོད་མེད་སྐོར་དྲིས་པར། ཁོང་གིས། “སྤྱིར་ལས་འགུལ་དེར་འགན་བླངས་ནས་མཇུག་བར་དུ་ཞུགས་མཁན་༣༥ ཡོད། བཟའ་སྤེན་པ་དང་ཉི་མའི་སྐབས་སུ་ཡོང་མཁན་ཡོད་པས་གཟའ་མཇུག་ཏུ་མི་དྲུག་བཅུ་ཡས་མས་ཞིག་ཡོད་པའི་ཚོད་རྩིས་བྱེད་བཞིན་ཡོད། ལམ་ཐག་གི་ཆ་ནས་སྤྱིར་མངའ་སྡེ་འདི་གཉིས་ཀྱི་བར་དུ་ཐད་ཀར་གཞུང་ལམ་དེད་ན་ཀོ་ལོ་མེ་ཊར་༤༠ ལྷག་ལས་ཡོད་པ་མ་རེད། ཡིན་ན་ཡང་ང་ཚོས་གཞུང་ལམ་གཅིག་པུ་མིན་པར། གྲོང་རྡར་སོགས་ནས་ས་གནས་མི་མང་ལ་རྒྱུད་སྐུལ་བྱེད་བཞིན་འགྲོ་དགོས་སྟབས། ཕལ་ཆེར་ཀོ་ལེ་མེ་ཊར་༩༠ ལྷག་ཅིག་ཚོད་རྩིས་བྱེད་ཀྱིན་ཡོད། ཉི་མ་གསུམ་གྱི་རྗེས་ནས་རྒྱལ་ས་བྷན་དུ་སླེབས་ཐུབ་པའི་སྔོན་རྩིས་བྱེད་ཀྱི་ཡོད་”ཅེས་བརྗོད་སོང་།
གཞན་ལས་འགུལ་འདི་སྤེལ་བར་སུད་སི་གཞུང་གི་མཆོག་མཆན་ཡོད་མེད་དྲིས་པར། ཁོང་གིས་“ང་ཚོས་ལས་འགུལ་འདི་སྤེལ་རྒྱུར་སྔོན་ནས་གྲ་སྒྲིག་ཡོད་སྟབས། གཞུང་ཕྱོགས་ནས་བཀའ་ཁྲོལ་ཐོབ་ཡོད། སྤྱིར་སུད་སི་ལྟ་བུ་ནས་ལས་འགུལ་གང་ཞིག་སྤེལ་བ་ཡིན་ན་ཡང་། གཞུང་ཕྱོགས་ནས་མཆོག་མཆན་མ་ཐོབ་པར་སྤེལ་ཆོག་གི་མེད་པའི་རྐྱེན་གྱིས་ལས་འགུལ་གང་ཡིན་རུང་དུས་ཐོག་ཏུ་ཛ་དྲག་གི་ངང་སྤེལ་རྒྱུ་ཁག་པོ་རེད་”ཅེས་འགྲེལ་བརྗོད་བྱས་སོང་།
ལས་འགུལ་འདི་ནི་ས་གནས་ཚོགས་ཆུང་རང་ངོས་ནས་མ་སྐུལ་དང་བླངས་ངང་སྒྲུབ་ཀྱི་འདུག་ལ་གནམ་གཤིས་ཡག་པོ་མེད་པ་དང་། ཆར་བ་འབབ་ཤུགས་ཆེ་བའི་རྐྱེན་གྱིས་དཀའ་ངལ་འཕར་མ་ཞིག་ལས་འགུལ་བ་རྣམས་ལ་འཕྲད་ཀྱིན་ཡོད་འདུག
གནས་ཚུལ་མཁོ་གཏོང་བ་ས་གནས་ནས་ཀླུ་རྒྱལ་དོན་གྲུབ་ཀྱིས།