བོད་པའི་ཤེས་ཡོན་ཅན་དང་བོད་དོན།
ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
མི་རིགས་ཤིག་གི་འཐབ་རྩོད་ནི་རླབས་ཆེན་དང་གཟི་བརྗིད་ལྡན་པའི་འཐབ་རྩོད་ཅིག་ཡིན་པ་དང་། དེ་ཡང་གཙོ་བོ་མི་རིགས་རང་ཉིད་ཀྱི་ཁེ་ཕན་དང་དངོས་ཡོད་ཀྱི་དོན་དམ་གནས་སྟངས་ལ་གཞིར་བཅོལ་པའི་སྒང་འཐབ་རྩོད་གནང་དགོས་པ་ཞིག་ཡིན་པ་ལས།
སོ་སོའི་ཁེ་ཕན་གཙོ་བོར་དམིགས་ནས་འཐབ་རྩོད་ཀྱི་ལམ་ལ་འཇུག་པ་ནི་ཉེན་འཚབ་ཆེ་བའི་འཐབ་རྕོད་ཅིག་ཏུ་འགྱུར་ངེས་ལ། འཐབ་རྩོད་འདིའི་རྐྱེན་པས་མི་རིགས་སོ་སོར་ལོ་རྒྱུས་ཐོག་འགྱོད་པ་ཆེས་ཆེར་སྐྱེས་ཉེས་ཆེ་བའི་འཐབ་རྩོད་ཅིག་ཏུ་འགྱུར་སྲིད་པ་ཞིག་རེད། འཛམ་གླིང་ཧྲིལ་བོ་འདིའི་སྒང་། གནའ་ནས་ད་བར་མི་རིགས་ཀྱི་འཐབ་རྩོད་འདྲ་མིན་བྱུང་ཡོད་པ་དང་། འཐབ་རྩོད་ལ་རྒྱལ་ཁ་འཐོབ་མཁན་ཚོ་ནི་གཙོ་བོ་མི་རིགས་རང་ཉིད་ཀྱི་ཁེ་ཕན་ལས་གཙོ་བོར་དོན་དམ་གྱི་དངོས་ཡོད་གནས་སྟངས་ཆེ་འཛིན་བྱས་པའི་འཐབ་རྩོད་པ་དེ་དག་ཡིན་པར་ང་ཚོས་ལོ་རྒྱུས་ཀྱིས་ར་སྤྲོད་ཐུབ་པ་ཞིག་རེད།
མཛེས་སྡུག་དང་ཞི་བདེ་ལྡན་པའི་ཁ་བ་གངས་ཅན་གྱི་ལྗོངས་འདི་ཧམ་ཤད་དང་གཡོ་སྒྱུས་ཁེངས་པའི་རྒྱ་ནག་གིས་བཙན་ཟོས་བྱས་པ་ནས་བཟུང་། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་དེ་༧སྤྱི་ནོར་གོང་ས་ཆེན་པོ་གཙོས་པའི་བཙན་བྱོལ་བོད་རིགས་སྤུན་ཟླ་དུ་མ་གཞན་ཡུལ་ལ་སྐྱབས་བཅོལ་དུ་གནས་དགོས་བྱུང་པ་རེད་མོད། འོན་ཀྱང་རྐྱེན་ངན་གྲོགས་འཕྲད་ཀྱིས་ང་ཚོར་༧གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་དང་ཁོང་གིས་སྐུ་ཚེ་ཧྲིལ་བོ་ང་ཚོའི་མི་རིགས་ལ་བློས་གཏོང་གནང་བའི་མཛད་རྗེས་ལ་བརྟེན་ནས། ང་ཚོ་གཞན་ཡུལ་ལ་རང་དབང་ངང་བོད་རིགས་ཀྱི་ངོ་བོ་འཁྲུལ་མེད་དེ་བཟུང་ནས་སྡོད་རྒྱུ་བྱུང་བ་རེད་ལ། དེས་མ་ཚད། ཁོང་གི་ཐུགས་དཔྱོད་ཀྱིས་གཟི་འོད་ལ་བརྟེན་ནས་བོད་རིགས་ན་གཞོན་མང་པོར་དེང་རབས་ཀྱི་ཤེས་ཡོན་སྤྱངས་རྒྱུ་བྱུང་བ་དང་། བོད་ཀྱི་ཐུན་མིན་རིགས་གཞུང་དང་ལེགས་བྱང་སོགས་ལ་མི་ཉམས་གོང་འཕེལ་དང་ཉམས་པར་སླར་གསོ་ཀྱི་གོ་སྐབས་བྱུང་བ་རེད། དེ་ནི་འཛམ་གླིང་མི་དམངས་ཀྱིས་༧ཁོང་ལ་འདེང་འཇོག་ཆེས་ཆེར་གནང་བའི་རྒྱུ་མཚན་ཞིག་ཀྱང་ལོས་ཡིན། ང་ཚོ་བོད་པ་ཚོས་ཀྱང་ཁོང་གི་བཀའ་དགོངས་བཞིན་བདག་ཅག་གངས་ཅན་ལྗོངས་ཀྱི་ད་ལྟའི་ཛ་དྲག་གི་གནས་བབས་འདི་ནས་གྲོལ་ཐབས་བྱེད་དགོས་གལ་ཆེ་པ་ལས། ཁོང་གི་བཀའ་དྲིན་ལ་དྲིན་ལན་ལོག་འཇལ་བྱེད་པ་ནི་ཅི་ལ་རུང་། དེ་ནི་ང་ཚོའི་བཟང་སྤྱོད་དང་འགལ་བའི་བྱ་ངན་ཞིག་ཡིན་ཡང་ལོས་ཡིན་སྙམ།
ཁ་རྒྱུན་དུ་“ནང་བཀྲ་མ་ཤིས་ན། ཕྱིར་དོན་མི་འགྲུབ་”པའི་དཔེ་ལྟར། བདག་ཅག་གཞིས་བཞུགས་བོད་རིགས་སྤུན་ཟླ་དུ་མ་ཉིན་རེ་ནས་ཉིན་རེར་རྒྱ་ནག་གིས་རྡུང་རྡེག་དང་གཉའ་གནོན་འོག་རེ་རེ་བཞིན་འཆི་བདག་གི་ཁ་རུ་བརྫངས་བའི་ཛ་དྲག་གི་དུས་བབས་འདི་ལ། ང་ཚོས་ངེས་པར་དུ་ཆིག་སྒྲིལ་གྱི་ལྟ་བ་དང་ཆིག་སྒྲིལ་གྱི་ལམ་ཕྱོགས་སུ་ཤར་བསྐྱོད་བྱས་ནས་དཀའ་ངལ་འདི་ནས་གྲོལ་ཐབས་བྱེད་པར་ཤིན་དུ་ནས་གལ་ཆེ་སྙམ། དེང་སང་ང་ཚོའི་ཕྱི་སྡོད་བོད་རིགས་ཤེས་ཡོན་ཅན་མང་པོས་༧གོང་ས་མཆོག་གིས་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཟེར་བ་དང་། གཉིས་ཕན་དབུ་མའི་ལམ་ནི་དོན་ཕན་གང་ཡང་མི་ཡོང་བའི་ལམ་ཕྱོགས་ཤིག་ཡིན་ཚུལ་སོགས་ཕྱི་བསྒྲགས་ནང་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། ད་དུང་ཁོང་ཚོས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོའི་སྐད་འབོད་བརྒྱབ་པ་སྟེ་“བོད་ལ་རང་དབང་དགོས”“༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་”སོགས་འགྲེལ་བཤད་ལོག་པར་བརྒྱབ་ཏེ་ཁོང་ཚོར་དགོས་འདོད་ནི་རང་བཙན་ཡིན་པ་སོགས་ཕྱི་བསྒྲགས་ནང་བསྒྲགས་བྱེད་བཞིན་ཡོད་པ་དང་། བོད་རིགས་ནང་ཁུལ་ལ་བཀྲ་མི་ཤིས་པའི་ལས་གཞི་བརྩམས་དང་བརྩམ་མུས་ཡིན་པ་རེད། བོད་ཀྱི་གནས་བབས་ལ་དོ་སྣང་དང་ཆབ་སྲིད་ཀྱི་ཁ་ཕྱོགས་མེད་པར་གང་བྱུང་གི་སྐད་ཆ་སྦོམ་པོ་བཤད་པ་དང་། ལས་འགུལ་ཆེན་པོ་བརྩམས་པ་ན། མཐར་ཁོ་རང་ཚོས་ཕྱི་རྒྱལ་མི་སེར་གྱི་ཐོབ་ཐང་སྤྱོད་དེ་གྱོང་ངན་ཅི་ཡིན་རག་མི་སྲིད་ལ། གྱོང་གུན་ཡོད་ཚད་ང་ཚོའི་གཞིས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ཀྱིས་རག་པ་ཡིན་དུས་ང་ཚོས་ངེས་པར་ཏུ་གཟབ་གནན་བྱེད་དགོས་པ་ཞིག་རེད། རང་བཙན་འཐོབ་པ་ནི་མི་རིགས་ཤིག་གི་ཁེ་ཕན་ཡིན་པ་དང་། དེ་ལས་ཀྱང་གལ་ཆེ་བ་ནི་དོན་དམ་གྱི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་པ་དེ་རེད། ༧གོང་ས་མཆོག་དང་བོད་ཀྱི་སྒྲིག་འཛུག། ད་དུང་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཆབ་སྲིད་རིག་པ་བ་དུ་མས་བོད་ཀྱི་དོན་དམ་གནས་བབས་ལ་གཉིས་ཕན་དབུ་མིའི་ལམ་ཞེས་པའི་ཐབས་ལམ་འདི་ཡག་ཤོས་ཡིན་ཞེས་མ་འོངས་སྔོན་གཟིགས་ཀྱིས་ཇི་ལྟར་གསུངས་ཟིན་ནའང་། ད་དུང་ང་ཚོའི་སྤྱི་ཚོགས་ནང་ལྟ་བ་དང་ལམ་ཕྱོགས་ལ་གཅིག་ཏུ་སྒྲིལ་མི་ཐུབ་པའི་ཤེས་ཡོན་ཅན་མང་པོ་བྱུང་དང་འབྱུང་མུས་ཡིན་པ་འདི་ངོ་ཚ་མིན་ན་ཅི་ཡིན།
༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུག་གིས་བོད་རིགས་ན་གཞོན་མང་པོར་ཤེས་ཡོན་སྤྱངས་པའི་གོ་སྐབས་བསྩོལ་གནང་མཛད་པ་དང་། འགྲོ་སོང་ཕོན་ཆེ་གཏོང་པ། རེ་བ་ཆེས་ཆེར་བཅངས་པ་སོགས་ནི་ཁོང་ཚོས་མ་འོངས་པར་བོད་ཀྱི་དོན་དམ་དཀའ་ངལ་སེལ་ཐུབ་པའི་མི་ཚོགས་ཤིག་གྱུར་རྒྱུ་དང་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུག་གི་ལམ་སྟོན་དང་བཀའ་དགོངས་བཞིན་བོད་དོན་ཐད་ནུས་ཤུགས་འདེབས་ཐུབ་པ་ཞིག་ཏུ་གྱུར་རྒྱུའི་རེ་བ་བཅངས་ཡོད་པ་ལས། དེ་ལས་ལྡོག་ཏེ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུག་གི་ད་བར་གསོ་སྐྱོང་དང་རེ་བ་བཅངས་པའི་བཀའ་དྲིན་ལ་ལོག་འཇལ་བྱེད་པར་ག་ལ་དགོངས་ཡོད། སྤྱིར་ཆབ་སྲིད་ཀྱི་འཐབ་རྩོད་གནང་པར་ངེས་པར་དུ་གང་ཟག་སྒེར་གཅིག་གམ་སྒྲིག་འཛུག་ག་གེ་མོའི་དགོངས་ཚུལ་དང་འདོད་ཚུལ་ལ་གཞི་བཅོལ་དགོས་པར་ངེས་པ་མེད་མོད། འོན་ཀྱང་གང་ཟག་སྒེར་དང་སྒྲིག་འཛུག་ག་གེ་མོ་དེའི་དགོངས་ཚུལ་ནི་དངོས་ཡོད་ཀྱི་ཆབ་སྲིད་ལ་ཕན་ནུས་ལྡན་པ་དང་རྒྱ་ཆེ་བོད་རིགས་སྤུན་ཟླ་ཡོངས་ལ་ཕན་རླབས་ལྡན་པའི་ཐབས་བྱུས་ལེགས་ཤོས་ཤིག་ཡིན་ན། དེ་ལ་དགའ་མགུ་སྤྲོ་གསུམ་གྱིས་ཡི་རངས་དང་དེའི་ཕྱོགས་སུ་ནུས་ཤུགས་མཉམ་སྤུངས་བྱེད་དགོས་པ་ནི་གནད་འགག་ཞིག་ཡིན། རྒྱུ་མཚན་དེས་རྐྱེན་པས་ང་ཚོ་བོད་རིགས་ཤེས་ཡོན་ཅན་དེ་ཚོས་ངེས་པར་དུ་གཞན་གྱིས་གང་བཤད་ལ་མ་ལྟོས་པར། ནུས་ཤུགས་གང་ཡོད་ཀྱིས་༧གོང་ས་མཆོག་གི་དགོངས་ཚུལ་དང་བོད་མིའི་སྒྲིག་འཛུག་གི་ལམ་ཕྱོགས་སུ་ཤར་བསྐྱོད་བྱེད་པ་ནི་ཤིན་ཏུ་ནས་གལ་ཆེ་ལ། དེ་ལྟར་གནང་ན་ད་གཟོད་ང་ཚོ་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་ངེས།