མོན་གྷོ་ཌི་རུ་མང་གཙོའི་དུས་དྲན་སྲུང་བརྩི།

ཟླ་འདིའི་ཚེས་༢ ཉིན་དྷ་རམ་ས་ལ་གཙོས་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གང་སར་བོད་མིའི་མང་གཙོའི་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༢འཁོར་བའི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་བཞིན། འདི་ག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་དུས་དྲན་ཐེངས་༥༢ པ་སྲུང་བརྩི་ཟབ་རྒྱས་གནང་ཡོད་པ་རེད།

དེ་ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་༨ ཐོག་མོན་གྷོ་གཞིས་སྤྱི་ནོར་བུ་རི་རྩེར་དཀར་ཕྱོགས་སྐྱོངས་བའི་ལྷག་སྲུང་རྣམས་ལ་བསངས་གསོལ་དང་རླུངས་རྟ་བསྒྲེང་འཛུག་སོགས་ཀྱི་ལས་རིམ་གྲུབ་པ་དང་། ཆུ་ཚོད་༩པའི་ཐོག་མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མི་མང་ཡོངས་མོན་གྷོ་ས་གནས་གཞིས་སྤྱིའི་ཚོགས་ཁང་ཆེན་མོའི་ནང་འདུ་འཛོམས་གནང་སོང་།  ཐོག་མར་ས་འཐུས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་དང་ས་གནས་འགོ་འཛིན། དེ་བཞིན་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ་བཅས་ཀྱིས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཐོག་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་བསྒྲོན་འབུལ་ཞུས། དེ་ནས་གཏན་སློབ་སློབ་ཕྲུག་རྣམས་ཀྱིས་རྔ་གླིང་རོལ་དབྱངས་དང་ལྷན་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་གླུ་གཉིས་དང་མང་གཙོའི་གླུ་གཞས་བཅས་རིམ་པས་བཏང་། གཞིས་ལུས་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་། བོད་བསྟན་སྲིད་ཆེད་རང་ལུས་ཞུགས་འབུལ་གནང་མཁན་དག་ལ་མྱ་ངན་གུས་བཏུད་བཅས་ཀྱིས་ཆེད་དུ་སྐར་མ་༢ གཉིས་རིང་ངག་བཅད་གནང་བ་བཅས་ཀྱི་ལས་རིམ་གྲུབ་རྗེས། ས་འཐུས་ཚོགས་གཞོན་དང་ས་གནས་འགོ་འཛིན་གཉིས་ཀྱིས་རང་གཞུང་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་འབྲེལ་བླང་དོར་ལམ་གྱི་བཀའ་སློབ་ཀྱང་བསྩལ་གནང་སོང་།

དེ་རྗེས་མོན་གྷོ་ས་གནས་ཀྱི་སྐབས་བདུན་པའི་ས་འཐུས་ཟུར་པ་རྣམས་ལ་ཕྱག་འཁྱེར་འབུལ་བཞེས་དང་། དེ་བཞིན་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་ཀྱིས་གཞིས་གྲོང་ཁག་དགུའི་བུ་བཅོལ་ཁང་གི་སློབ་མ་གཙང་འཕྲོད་ཡག་ཤོས་དང་སྔོན་འགྲོའི་སློམ་མ་ཨང་རིམ་རྩེར་སོན་རྣམས་པ་བཅས་ལ་བྱ་དགའ་ཞིག་ཀྱང་གསོལ་བསྩལ་སོང་།
མོན་གྷོ་གསར་འགོད་པས།