ལྷ་ཐོག་ངོ་སྤྲོད།

ལྷ་ཐོག་ངོ་སྤྲོད།

ལྷ་ཐོག་ནི་སྡེ་དགེའི་ནུབ་ཕྱོགས་།ཆབ་མདོའི་ཤར་ཕྱོགས།ནང་ཆེན་གྱི་ལྷོ་ནུབ་ཕྱོགས་ཤིག་ལ་ཆགས་ཡོད།ལོ་རྒྱུས་ཀྱི་ངོས་ནས་བཤད་ན་འབྲི་ཟླ་ཟལ་མོའི་སྒང་ཟེར་བ་དེ་ལ་ཏག་ཏག་ཁེལ་ཡོད། འབྲི་ཟླ་ཟལ་མོའི་སྒང་གི་རི་རྒྱུད་དེ་ཀེ་རེའི་ལྷ་སྒང་རིང་མོ་འམ་ལྷ་ཐོག་ལུང་པའི་དཀྱིལ་ལ་ཁེལ་ཡོད་ཅིང་རི་རྒྱུད་དེ་ལ་མགོ་སྔས་ནས་ཕར་ཤར་ཕྱོགས་འབབ་པའི་ཆུ་ཡོངས་རྫོགས་དེ་འབྲི་ཆུའི་ནང་དུ་འདབ་འདྲེས་བྱེད་ཀྱི་ཡོད།རི་རྒྱུད་དེ་ནས་ཚུར་ནུབ་ཕྱོགས་ལ་ཁ་ཕྱོགས་ནས་འབབ་པའི་ཆུ་ཡོངས་རྫོགས་ཆབ་མདོ་ཟླ་ཆུ་འམ་རྫ་ཆུའི་ནང་དུ་འདབ་འདྲེས་བྱེད་ཀྱི་ཡོད།ཆུ་ཆེན་གཉིས་ཀྱི་མགོ་ཁུངས་ཀྱི་རི་རྒྱུད་དེ་ཏག་ཏག་ལྷ་ཐོག་གི་དཀྱིལ་ལ་ཐུག་ཡོད།

ལྷ་ཐོག་རྒྱལ་པོ་ཟེར་བ་ནི་འདི་ནས་ཡར་བརྩིས་པའི་བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོས་དབང་སྒྱུར་ནུས་པའི་ཁྱབ་ཚད་རྒྱ་བསྐྱེད་བྱས་ཤིང་སྤྱི་ལོ་༦༣༣་ལོར་རྒྱལ་ས་ལྷ་རུ་གནས་སྤོས་སྐབས་སུ་བོད་ཤར་ཕྱོགས་མདོ་ཁམས་ལ་བཏང་བའི་གྱེད་ལྷ་དགའ་ཁམས་ཕྱོགས་ནས་མིའི་རྒྱལ་པོ་ལྷ་ལ་བརྩིས་ཤིང་དེའི་ཐོག་མར་ལུང་པ་འདི་རུ་གནས་བཅས་པས་ལྷ་ཐོག་རྒྱལ་པོ་འམ་ལྷ་ཐོག་ཟེར་བའི་མིང་དེ་ཆགས་པ་རེད།བོད་ཁམས་ཕྱོགས་ལ་ལྷ་ཐོག་རྒྱལ་པོ།    བེ་རི་རྒྱལ་པོ།     གླིང་ཚང་རྒྱལ་པོ།         ནང་ཆེན་རྒྱལ་པོ།         སྡེ་དགེ་རྒྱལ་པོ།     མེ་ཉག་རྒྱལ་པོ་སོགས་གྱི་རྒྱལ་པོ་དུ་མ་ཞིག་བྱུང་ཡོད་ཅིང་རྒྱལ་པོ་དེ་ཚོའི་ནང་ཁུལ་དུ་མཚམས་རེ་དམག་འཁྲུག་བྱེད་མྱོང་ཞིང་།  མཚམས་རེ་གཉེན་སྒྲིག་ཡང་བྱེད་མྱོང་ཡང་གཅིག་ཁོངས་གཅིག་ཏུ་ཚུད་པའི་གནས་ཚུལ་བྱུང་མྱོང་མེད།          དཔེར་ན་ལྷ་ཐོག་ནང་ཁུལ་དུ་ཡང་ཀེ་རེའི་དཔོན་ཚང་དང་།རལ་གཞུང་དཔོན་ཚང་སོགས་སྤྱི་ཚོགས་རྙིང་པའི་སྐབས་སྡེ་དཔོན་མི་དྲག་དུ་མ་ཞིག་བྱུང་ཡོད།

ལུང་པའི་ཆགས་བབ་དང་དབང་སྐྱུར་གྱིས་ས་ཁོངས་ཀྱི་ཆ་ནས་བཤད་ན་སྤྱི་ཚོགས་རྙིང་པའི་སྐབས་སུ་དགའ་ལྡན་ཕོ་བྲང་གི་དབང་སྒྱུར་ས་ཁོངས་སུ་ཚུད་ཡོད་ཅིང་དེང་སང་རྒྱ་ནག་གི་སྲིད་འཛིན་ས་ཁོངས་ཀྱི་དབང་དུ་བྱ་ན་ཆབ་མདོ་རྫོང་གི་ས་ཁོངས་སུ་ཚུད་ཡོད།ཆོས་ལ་དད་ཅིང་བོད་མི་རིགས་ཀྱི་སྐད་ཡིག་དང་གོམ་གཤིས་ལྷད་མེད་ཅིང་སྤུས་དག་པ་བཟང་སྤྱོད་དང་དྲང་བདེན་ལ་དགའ་བའི་ བློ་དཀར་གཞུང་དྲང་གི་གཤིས་ཀ་ལྡན།       བཟི་ཆང་དང་དུ་ནག་འཐེན་མཁན་ཞིག་ལུང་པ་འདི་རུ་ཡེ་ནས་མེད་ཅིང་ངོ་དགའ་སྤྲེལ་ལད་དང་ངོ་ལྐོག་རྒྱ་མདུན་མཁན་གྱིས་སྐྱེ་བོ་ཞིག་ལུང་པ་འདི་རུ་སྐྱེས་མ་མྱོང་།    གཉེན་སྒྲིག་ལམ་སྲོལ་ལ་ཆ་མཚོན་ན་ཕ་མས་བཀའ་གནང་བའི་རང་ལ་བསུས་པའི་མནའ་མ་དང་མག་པ་སུ་འདྲ་ཞིག་བཞག་ཀྱང་དཀོན་མཆོག་དང་ལས་དབང་གིས་མཉམ་དུ་སྒྲིལ་བ་ཞིག་ལ་ངོས་འཛིན་ནས་ཁྱིམ་གཞིས་ལ་དྲོད་སྐྱིད་དང་འཛུམ་མདངས་ཀྱིས་རབ་ཏུ་ཁེངས།     ཞིང་འབྲོག་གི་འཚོ་བའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་མགྱོགས་པའི་བང་ཁ་འགྲན་པ་ལ་དགའ་ཞིང་རྩེ་བྲོ་འཁྲབ་གླུ་གར་དང་ཁ་ཤག་དར་སྲོལ་རབ་ཏུ་ཆེ།   ལུང་པའི་སྟོད་ཕྱོགས་ནས་རྫ་རི་གནམ་ལ་ལངས་ཤིང་ཕྱི་རོལ་གྱི་དགྲ་རྐུན་སྲུང་འདྲ།  ལུང་བའི་བར་བར་ཕྱོགས་སུ་ལྷ་ཡུལ་ཞིང་ཁམས་ནས་མར་ཁྲིད་འདྲའི་མཛེས་སྡུག་ལྡན་པའི་སྤང་ལྗོངས་མིག་གིས་མི་ཁེབ་པའི་ངོས་སུ་ཕྱུགས་ཟོག་དཀར་ནག་ཁྲག་གསུམ་གྱིས་རབ་ཏུ་གཏམ་པས་འོག་ཕྱོགས་ཀླུ་ཡུལ་གྱི་ལོངས་སྤྱོད་མི་ཡུལ་དུ་འཕོས་པ་དང་ཨ་ན་མ་ན་རེད།

ད་དུང་སྤང་རི་དང་ཤུག་རི་ནག་རིའི་སོགས་ཀྱི་གསེབ་ཏུ་ཤྭ་བ་དང་།གནའ་བ།སྒོ་བ།གླ་བ་སོགས་སྣ་མང་གི་རི་གཅེས་སྲོག་ཆགས་རབ་ཏུ་མང་པོ་བག་ཡངས་ཀྱིས་རྒྱུ་ཞིང་།        སྡེར་ཐོག་གི་གཅན་གཟན་གྱི་རིགས་ཤིན་ཏུ་མང་ཡང་རྐང་གཉིས་མི་ལ་དགྲ་བྱ་མཁན་ཞིག་ཕལ་ཆེར་གཞི་མ་གྲུབ་པ་རེད།ལུང་པ་འདིའི་ས་འབུ་གྲོ་མ་ཡན་ཆད་བྱང་སེམས་ལྡན་པའི་གཤིས་ཀ་ཡོད་ཟེར་ནའང་རྫུན་དང་འུད་ཤུབ་མིན།

སེམས་རྩ་སྐྱིད་ཀྱིས་ཁེངས་པའི་འབྲོག་པའི་ཕྱུག་རྫི་རྣམས་རི་མགོ་ལ་གླུ་དབྱངས་དང་རི་སྐེད་རྩེ་རས་ཡོངས་སུ་ཁེངས།    ཁོང་ཚོ་ནི་རེ་དོགས་དང་འཐབ་རྩོད་གང་ཡང་མེད་པར་ཡ་ཆུང་གི་སེམས་པ་ལ་ནམ་ཡང་སྤྲོ་སྣང་དང་དགའ་སྐྱིད་ཀྱིས་གང་ནས་ཡོད།