བོད་ནང་དུ་༧གོང་ས་མཆོག་གི་སྐུ་པར་གདན་ཞུ་གནང་བ།
ཉེ་ཆར་ཟི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གླིང་ཁ་ཆུས་ཟེར་བའི་ཁོངས་གཏོགས། གླིང་ཁ་གཤིས་པའི་རྙིང་མའི་དགོན་སྡེ་བྱང་དཀར་དགོན་དུ། བོད་མི་ཁྲི་གཅིག་ལྷག་ཙམ་གྱིས་འཕྲུལ་རྟའི་སྟེང་དུ་༧གོང་ས་མཆོག་གི་སྐུ་པར་བཟུང་སྟེ་ཁུལ་དེའི་བླ་མ་ཕེབས་བསུ་བྱས་ཡོད་འདུག
དེ་ཡང་འཆམ་ར་དྲི་མེད་རྒྱལ་མཚན་གྱི་ཟིན་བྲིས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཕྱི་ཟླ་༨ ཚེས་༣༡ ཉིན། སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གླིང་ཁ་ཆུས་ཟེར་བའི་ཁོངས་གཏོགས། གླིང་ཁ་གཤིས་པའི་རྙིང་མའི་དགོན་སྡེ་བྱང་དཀར་དགོན་དུ། བདུད་འདུལ་གླིང་པའི་ཡང་སྲིད་སྤྲུལ་སྐུ་བསྟན་འཛིན་ཉི་མ་ཁྲི་སྟོན་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། ཡང་སྲིད་ཕེབས་བསུ་བྱེད་སྐབས་བོད་མི་ཁྲི་གཅིག་ལྷག་ཙམ་འདུ་འཛོམས་ཀྱིས་འཕྲུལ་རྟའི་སྟེང་དུ་༧གོང་ས་མཆོག་གི་སྐུ་པར་བཟུང་ནས་ཕེབས་བསུ་བྱས་ཡོད་འདུག
རྩ་བས་༡༩༩༨ ཡས་མས་ནས་ས་གནས་དེར་རྒྱ་མིས་བཙན་ཤེད་ཀྱིས། གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་ལ་གཏོར་བརླག་གཏོང་གི་ཡོད་པར་བོད་མི་ཚོས་ངོ་རྒོལ་བྱས་པར་བརྟེན། ༢༠༠༩ ཕྱི་ཟླ་ ༡༢ པའི་ནང་གླིང་ཁ་གཤིས་ཡ་སོ་སྡེ་བའི་ཕོ་སར་རང་ལོ་༡༨ ཡིན་པ་དགྱེས་དགའ་ཞེས་པས་བོད་ཀྱི་རྒྱལ་དར་ཁྱེར་ཏེ་ངོ་རྒོལ་བྱས་སྐབས་འཛིན་བཟུང་བྱས་ཡོད་པ་དང་། ༢༠༠༩ ལོའི་ལོ་མཇུག་ཙམ་དུ་གཏེར་ཁ་སྔོག་འདོན་པར་བསྐྱར་དུ་ངོ་རྒོལ་བྱས་པར་བརྟེན། བོད་མི་༢༠ ཙམ་བཙོན་འཇུག་དང་། ཕོ་སར་ཚུལ་ཁྲིམས་ཆོས་འཕེལ་ཞེས་པ་བཅར་རྡུང་དྲག་པོ་བྱས་ཏེ་བསད་ཡོད་འདུག་ལ། དེ་རྗེས་ཁུལ་དེའི་མི་མང་གིས་ཞིང་ཁ་མི་འདེབས་པ་སོགས་ཀྱི་ངོ་རྒོལ་རིམ་པར་བྱས་ཡོད་པ་དང་། ༢༠༡༠ ཕྱི་ཟླ་༤ པའི་ཚེས་༡༩ ཉིན་ཡ་སོ་སྡེ་བའི་གྲྭ་པ་རང་ལོ་༢༣ ཡིན་པ་པད་ཕྲུག་ཅེས་པས། ངོ་རྒོལ་སྐད་འབོད་བྱས་པར་བརྟེན་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ཀྱི་གནས་ཚུལ་རིམ་པར་ཐོན་ཡོད་པ་རེད་འདུག