བོད་དོན་བདེན་པའི་མེ་ལྕེ་ཨ་རིའི་རྒྱལ་ས་ནས་འགོ་འཛུགས།
ཟླ་འདིའི་ཚེས་༢ ཉིན་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་སྤེལ་བའི་བོད་དོན་བདེན་པའི་མེ་ལྕེ་ཨ་མི་རི་ཀའི་རྒྱལ་ས་ནས་སྐོར་བསྐྱོད་འགོ་བཙུགས་ཡོད་པ་རེད།
དེ་ཡང་ད་ལྟའི་བོད་ནང་རང་ལུས་མེར་སྲེག་གིས་མཚོན་ཛ་དྲག་གནས་སྟངས་གསལ་སྟོན་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་དཀའ་རྙོག་སེལ་དགོས་པའི་འབོད་སྐུལ་བྱ་རྒྱུའི་དོན་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཁྲོད་ཀྱི་བྱང་ཨ་མི་རི་ཀའི་ཁུལ་གྱི་མེ་ལྕེ་དེ་ཚེས་༢ བོད་ཀྱི་མང་གཙོའི་དུས་ཆེན་དང་སྟབས་བསྟུན། ཝ་ཤིན་ཀྲོན་ནས་འགོ་བཙུགས་ཡོད་པ་རེད།
སྐབས་དེར་རྒྱལ་ས་དང་། གྲོང་ཁྱེར་ཧྥེ་ལ་དགྲ་ཧྥེ་ཡ། ཤཱ་ལ་སུ་བཅས་ཀྱི་ས་གནས་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་གྲོང་ཁྱེར་ནེའུ་ཡོག་ནས་བོད་མི་དོ་སྣང་ཅན་མི་ཉུང་བ་ཕེབས་པའི་འདུ་འཛོམས་ཐོག་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་གྱིས་སྣེ་ཁྲིད་པ་དང་། བོད་མི་ཚོས་བོད་ཀྱི་རྒྱལ་དར་སོགས་ཁྱེར་ནས་རྒྱལ་སའི་གྲོང་ཁྱེར་གཞུང་ལམ་བརྒྱུད་ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོའི་མདུན་དང་། དེ་བཞིན་རང་དབང་གི་ཐང་ཆེན་བར་སྐོར་བསྐྱོད་བྱས་མཐར་མཉམ་འཛོམས་ཐོག་བོད་ཀྱི་དོན་གཅོད་པ་བློ་བཟང་སྙན་གྲགས་དང་། རྒྱལ་སའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་རྒྱ་མཚོ། ས་གནས་བོད་ཀྱི་གཞོན་ནུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་། རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ངེས་སྟོན་པ་སྐུ་ཞབས་ཀྲེ་ཀོ་མར་དང་། ཡུ་གུར་མི་རིགས་འཛམ་གླིང་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་རེ་བྷེ་ཡ། ངལ་རྩོལ་བསྒྱུར་བཀོད་ཐེབས་རྩའི་གཙོ་འཛིན་ཧེ་རེ་ཝུ་སོགས་ཕེབས་ནས་རང་དབང་འཐབ་རྩོད་དང་། བདེན་པའི་འཐབ་རྩོད་ལ་ཚང་མས་མཉམ་རུབ་ཆིག་སྒྲིལ་བྱེད་དགོས་སྐོར་སོགས་ཀྱི་གཏམ་བཤད་སྤེལ་པ་དང་། ལྷག་དོན༢༠༠༨ལོར་བོད་ནང་ཞི་རྒོལ་སྐབས་མེ་མདའ་ཕོག་པའི་བོད་མི་གཞོན་སྐྱེས་ཚེ་རིང་དོན་གྲུབ་ནས་གཏམ་བཤད་སྤེལ་སྐབས་བོད་མི་མི་ཉུང་བར་མིག་ཆུ་ཤོར་ཡོད། འོན་ཀྱང་ཉིན་དེར་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་རྒྱ་ནག་གཞུང་ཚབ་མདུན་སྐོར་བསྐྱོད་མ་བྱས་པར་བོད་མི་མི་ཉུང་བས་བློ་ཕམ་གྱི་བསམ་ཚུལ་ཡོད་པ་ཡང་མཐོང་རྒྱུ་འདུག།
བོད་དོན་བདེན་པའི་མེ་ལྕེ་དེ་ནི་ཉེ་བའི་ནང་རྒྱ་གར་གྱི་མངའ་སྡེ་༡༡ནང་གི་གྲོང་ཁྱེར་དང་། ས་གནས་ཁག་༤༨ཙམ་གྱི་ནང་སྐོར་བསྐྱོད་གནང་ཟིན་པ་དང༌། ད་ཆ་བྱང་ཨ་རི་དང༌། ཡུ་རོབ་སོགས་གླིང་ལྔའི་རྒྱལ་ཁབ་ཁག་༣༠ལྷག་ཙམ་ནང་སྐོར་བསྐྱོད་གནས་བཞིན་པ་རེད།
ས་གནས་གསར་འགོད་པ་ཀླུ་མོ་སྒྲོལ་མས།