སུད་སིའི་རྔམ་སྟོན་ཁྲོམ་སྐོར་གྱི་བོད་དོན་ལས་འགུལ།

ཟླ་འདིའི་ཚེས་༤ ཉིན་སུད་སིའི་བོད་རིགས་མི་མང་གྲོས་ཚོགས་ཀྱིས་གོ་སྒྲིག་འོག ས་གནས་མི་མང་བཞི་བརྒྱ་ཡས་མས་ཤིག་མཉམ་འཛོམས་ཀྱིས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༤ ཉིན་དགོང་དྲོ་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་ས་གནས་རྫི་རིག་ཏུ། སུད་སིའི་བོད་རིགས་མི་མང་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་ས་གནས་མི་མང་བཞི་བརྒྱ་ཡས་མས་ཤིག་མཉམ་འཛོམས་ཀྱིས། ༢༠༡༢ ལོའི་རྒྱ་གཞུང་ལ་ངོ་རྒོལ་ཐེངས་གཉིས་པ་ Werdmuhleplatz ཞེས་པའི་ལས་འགུལ་སྤེལ་བ་དང་། རྫི་རིག་གནས་སྡོད་རྒྱ་ནག་སྐུ་ཚབ་དོན་གཅོད་ཁང་བར་གོམ་བསྒྲོད་ཀྱིས་རྒྱ་ནག་གིས་ད་ལྟའི་བོད་ནང་དུ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

lg_2012_9_4སྐད་འབོད་དེ་འགོ་འཛུགས་མ་གནང་སྔོན་དུ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་བསམ་པ་དོན་འགྲུབ་ཀྱིས། དེ་རིང་གི་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་སྐོར་མི་མང་ལ་གཏམ་བཤད་གནང་དོན། ༢༠༠༩ ནས་ད་ལྟའི་བར་བོད་ནང་དུ་བོད་མིའི་རང་དབང་དང་བདེ་སྡུག་གི་ཆེད་བོད་མི་༥༡ གིས་རང་ལུས་མེར་སྲེག་གཏོང་མཁན་ཚོར། ཕྱི་སྡོད་བོད་མིས་གདུང་སེམས་མཉམ་བསྐྱེད་ཡོད་པའི་བརྡ་ལན་དང་རྒྱ་གཞུང་གིས་བོད་ནང་གི་དྲག་གནོན་མཚམས་འཇོག་ཡོང་ཆེད་ཡིན་ཞེས་དང་། ཁོང་གིས་མུ་མཐུད་དུ་གསུངས་དོན་བོད་གཞུང་གིས་ཐག་གཅོད་ལྟར་རྗེས་ཕྱོགས་བོད་ནང་དུ་རང་ལུས་མེར་སྲེག་གི་ལས་འགུལ་ཞིག་ཐོན་པ་དང་། ཕྱི་སྡོད་བོད་མས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འཕྲད་མར་སྤེལ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།

ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་པད་མས་གསུངས་དོན། ད་ལྟའི་བར་བོད་ནང་དུ་དཔའ་བོ་དཔའ་མོ་༥༡ ལྷག་གི་སྐུ་ལུས་མེར་སྲེག་བཏང་ཡོད་པ་ཚང་མས་ཤེས་གསལ་ཡིན་ལ། དེའི་ནང་གི་གཉིས་ནི་ཕྲུ་གུ་གསུམ་དང་གཉིས་ཅན་གྱི་ཨ་མ་ཡིན་པས་རྒྱལ་གཅེས་དཔའ་མོ་ཁོང་གཉིས་ཀྱི་ཤུལ་དུ་ལུས་པའི་དྭ་ཕྲུག་དེ་གཉིས་གཙོས། བོད་ཀྱི་སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་ནང་མི་སྤུན་ཟླ་རྣམས་ལ། ང་ཚོ་ཕྱི་སྡོད་བོད་མིའི་ངོས་ནས་གདུང་སེམས་མཉམ་བསྐྱེད་དང་རོགས་པ་ཅི་ཞིག་བྱེད་ཐུབ་མིན་ལ་བསམ་བློ་ཟབ་མོ་ཞིག་གཏོང་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་ལས་འགན་ཡིན་སྐོར་གསུངས་སོང་།

སུད་བོད་འཛའ་འབྲེལ་ཚོགས་པའི་ཚོགས་གཙོས་ཀྱང་བོད་ནང་གི་ད་ལྟའི་གནས་སྟངས་ཞིབ་ཕྲ་ངོ་སྤྲོད་དང་། དེའི་སྐོར་ལ་སེམས་འཚབ་ཡོད་སྐོར་གྱི་གསུངས་བཤད་ཅིག་འཇར་མན་གྱི་སྐད་ཡིག་ནང་དུ་གསུངས་སོང་།

ལས་འགུལ་མཇུག་བསྡོམས་ཀྱི་སྐབས་སུ་ཡུ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་ཀྱི་རྒྱུན་ལས་མིག་དམར་སྒྲོལ་མས། བོད་ནས་སུད་སིར་ཕེབས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྡོ་རྗེ། བོད་ནང་དུ་ཡོད་སྐབས་ཕྱི་སྡོད་བོད་མིའི་རོགས་དངུལ་འབྱོར་བའི་སེམས་ཚོར་ཞིག་བརྗོད་བྱུང་ལ། མོས་མུ་མཐུད་དུ་བཤད་དོན་ང་ཚོ་སུ་ཞིག་ཡིན་རུང་བོད་ནང་དུ་དཔའ་བོ་དཔའ་མོ་དག་མེར་སྲེག་གཏོང་བཞིན་པའི་བརྙན་ཐུང་དེ་ཚོ་མཐོང་དུས། སེམས་ཤུགས་མེ་ལྟར་འབར་གྱི་ཡོད་ལ་མིག་ཆུ་ཤམ་ཤམ་དུ་གཏོང་གི་ཡོད། ཡིན་ན་ཡང་ཉི་མ་ཁ་ཤས་ནས་རང་བཞིན་གྱི་བོད་དོན་ཐོག་དོ་སྣང་མེད་པར་སེམས་ཤུགས་དེ་བརླག་འགྲོ་བར་ང་ཚོར་སེམས་གཏིང་ནས་བློ་ཕམ་ཡོད།  ང་ཚོས་བོད་ནང་གི་བོད་མི་ཚོས་ལས་འགུལ་གང་སྤེལ་བ་སྒུག་མི་འདུག་པར། བོད་ཕྱི་ནང་གཉིས་སེམས་པ་མཉམ་འབྲེལ་གྱི་ཐོག་ནས་ཕྱི་ནང་གཉིས་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་སོགས་ནན་གྱིས་གསུངས་སོང་།

མཐར་སུད་སི་བོད་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་གིས་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་ལས་འགུལ་འདི་བརྒྱུད་རྒྱ་ནག་གཞུང་ཚབ་ཁང་གི་འགན་འཛིན་ Liang Jianquan ཡི་མིང་ཐོག་ཏུ་ཡི་གེ་ཞིག་འབུལ་རྒྱུ་ཡིན་པ་དང་དེ་དག་ཚགས་ཤོག་མང་པོ་ཞིག་ཏུ་ཡང་འགོད་རྒྱུ་ཡིན་ཞེས་ ཡི་གེ་དེའི་ནང་དོན་སྐོར་འཇར་མན་གྱི་སྐད་ཡིག་ནང་དུ་སྒྲོགས་སྦྱང་གནང་སོང་།

མཐར་སུད་སི་བོད་ཀྱི་ཟློས་གར་གྱི་ཚོགས་པས་འགོ་ཁྲིད་དེ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་དང་། ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།།

གནས་ཚུལ་མཁོ་གཏོང་བ་ས་གནས་ནས་ཀླུ་རྒྱལ་དོན་གྲུབ།