ཨ་མ་སྡོམ་པོ་སྐྱིད་ཀྱིས་ཟས་བཅད་ངོ་རྒོལ་མཚམས་འཇོག

dhomba_kyiཟླ་འདིའི་ཚེས་༢ ཉིན་སྟེ་བོད་ཀྱི་མང་གཙོ་དུས་ཆེན་ཉིན་ནས་ཨ་མ་སྡོམ་པོ་སྐྱིད་ཀྱིས། ད་ལྟ་བལ་ཡུལ་བཙོན་ཁང་དུ་ཡོད་པའི་རང་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེས་བཏོན་པའི་དགོས་འདུན་ཁག་འགྲུབ་ཆེད། ཉིན་བཞིའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཏེ། ཟླ་འདིའི་ཚེས་༥ དགོང་མོ་མཚམས་འཇོག་བྱས་ཡོད་པ་རེད།

དེ་ཡང་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་དང་། ཁོང་གི་ཨ་མ་སྡོམ་པོ་སྐྱིད། སྲང་མོ་ལྷ་མོ་མཚོ་བཅས་ཀྱིས་བོད་དོན་ཆེད་བོད་བར་གོམ་བགྲོད་གྱི་འཆར་གཞི་འཐེན་ཏེ། དྷ་ས་ནས་ཟླ་བ་གཉིས་ལྷག་གི་རིང་གོམ་བགྲོད་བྱས་མཐར་བལ་ཡུལ་ས་མཚམས་སུ་འབྱོར་མཚམས། བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་གིས་ཁོང་མ་བུ་གསུམ་ཁ་གཏོར་ཏེ། ཨ་མ་དང་བུ་མོ་གཉིས་ཕྱིར་དྷ་སར་ཡོང་དགོས་བྱུང་བ་དང་། རྗེས་སུ་ཚེ་བརྟན་རྡོ་རྗེ་གསང་སྟབས་ཀྱིས་བལ་ཡུལ་ས་མཚམས་བརྒལ་ནས་བསྐྱོད་པས། བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་གིས། ཡིག་ཆ་མེད་པར་ས་མཚམས་བརྒལ་བའི་ཉེས་མིང་འོག ལོ་གཉིས་རིང་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟ་བལ་ཡུལ་བཙོན་ཁང་དུ་ཡོད་པ་རེད།

ལས་འགུལ་སྐབས་ཁོང་ཚོས་རྒྱ་གར་གྱི་རྒྱལ་དར་དང་། བལ་ཡུལ་གྱི་རྒྱལ་དར། རྒྱ་ནག་གི་སྐར་ལྔའི་དར་དམར། བོད་ཀྱི་རྒྱལ་དར་བཅས་འཕྱར་ཏེ་བསྐྱོད་ཡོད་པ་དང་། གླིང་ཚ་ཚེ་བརྟན་རྡོ་རྗེས། རྒྱ་ནག་གི་དར་དམར་འཕྱར་བ་ནི་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་རྒྱ་ནག་གི་རྒྱ་དར་གུས་ཞབས་ཡོད་པ་གསལ་སྟོན་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། དེར་བརྟེན་མི་མང་ནང་རྒྱ་ནག་གི་རྒྱལ་དར་འཕྱར་བར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་བྱུང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེ་ལ་ངོ་རྒོལ་གྱི་གསལ་བསྒྲགས་སྤེལ་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་སྟེ་བོད་ཀྱི་མང་གཙོ་དུས་ཆེན་དང་བསྟུན་ཏེ་བོད་དོན་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་སྡོམ་པོ་སྐྱིད་ཀྱིས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ། ད་ལྟ་བལ་ཡུལ་བཙོན་ཁང་དུ་ཡོད་པའི་རང་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེས་བཏོན་པའི་དགོས་འདུན་ཁག་འགྲུབ་ཆེད། ཉིན་བཞིའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་བ་དང་། ཕྱི་ཚེས་༥ ཉིན་གྱི་དགོང་དྲོ་ཆུ་ཚོད་༦ པའི་སྟེང་ལས་འགུལ་དེ་མཚམས་འཇོག་གི་མཛད་སྒོ་སྟབས་བདེ་ཞིག ཐེག་ཆེན་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་འཚོགས་སོང་།  མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོིད་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་འཇམ་དབྱངས་བཟོད་པ་དང་། སྤྱི་འཐུས་རྒྱ་རིགས་ཐར། དྷ་སའི་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་དང་། གཞན་ཡང་མདོ་སྨད་ས་གནས་རྒྱུན་ལས་ཁག་ཅིག་དང་དྷ་སའི་ས་གནས་མི་མང་འགའ་མཉམ་ཞུགས་བྱས་འདུག་ལ། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་སྤྱི་འཐུས་འཇམ་དབྱངས་བཟོད་པས། ཐེངས་འདིའི་ཟས་བཅད་ངོ་རྒོལ་བ་ཨ་མ་སྡོམ་པོ་སྐྱིད་ལ་ཤིང་ཏོག་གི་ཁུ་བ་སྤྲད་དེ་ཟས་བཅད་ལས་འགུལ་མཚམས་འཇོག་བྱས་སོང་།

l_dདེ་ནས་ཁོང་གིས་ལས་འགུལ་མཚམས་འཇོག་ཐོག་བརྗོད་དོན། ཁོང་མ་བུ་གསུམ་གྱིས་སྙིང་སྟོབས་ཆེན་པོས་བོད་དོན་ཆེད་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བར། ང་ཚོ་ཚང་མས་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཡོད་སྐོར་དང་། ལམ་བར་ནས་བཀག་འགོག་བྱས་ཏེ། ཁོང་མ་བུ་གསུམ་ཁ་འཐོར་དུ་བཏང་ཡོད་པར་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་སོགས་བརྗོད་སོང་། དེ་རྗེས་དྷ་སའི་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེས་ཀྱང་། ཁོང་མ་བུ་གསུམ་གྱིས་བོད་དོན་ཆེད་སྐུ་ངལ་བསྐྱོན་པར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་ཡོད་སྐོར་སོགས་ཀྱི་གཏམ་བཤད་བྱས་སོང་།

མཐར་ཨ་མ་སྡོམ་པོ་སྐྱིད་ཀྱིས་ངས་ཟས་བཅད་ངོ་རྒོལ་བྱེད་དགོས་དོན་གཙོ་བོ་དེ། ཚེ་བརྟན་རྡོ་རྗེས་བཏོན་པའི་དགོས་འདུན་ཁག་འགྲུབ་ཆེད་དུ་ཡིན་ཞེས་བརྗོད་སོང་།

གླིང་ཚ་ཚེ་བརྟན་རྡོ་རྗེའི་གོམ་བགྲོད་དགོས་འདུན་ཁག་ནི། གཅིག ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། གཉིས། ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་ སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། གསུམ། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས། བཞི། བོད་མིར་རང་ཡུལ་ནས་ཆས་གོས་དང་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས། ལྔ། ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་དམག་མི་ཡོངས་རྫོགས་བོད་ ས་ནས་ཕྱིར་འཐེན་དགོས་རྒྱུ་བཅས་ཡིན་པ་རེད།།