བསྒྱུར་བཅོས་གཏོང་དགོས་པའི་བག་ཆགས།

གཡུ་སྒང་དགེ་འདུན།  དྷ་ས།
gedhunསྤྱིར་ང་འདྲ་བའི་མི་གང་ཡང་མི་འཇོན་མཁན་ཞིག་གིས་རྙོག་གཏམ་བཤད་ན་དགོས་པ་ཆུང་ཡང༌། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་མ་བཤད་ནའང་མི་འགྲིག་པ་ཞིག་ཏུ་མཐོང་བས། ངས་དེ་རིང་འདིར་རང་ཉིད་ཀྱི་བསམ་ཚུལ་ཟེར་ནའང་འདྲ།

རང་གི་མཐོང་ཆོས་སུ་གྱུར་པའི་གནས་ཚུལ་འགའ་ཟེར་ནའང་འདྲ།   གང་ལྟར་བརྗོད་དོན་དངོས་ནི་གཞུང་ཞབས་མཐོ་འབྲིང་དམའ་གསུམ་ན་མ་དག་རྒྱུན་འབྱམས་སུ་སོང་བ་དང་སྒྱིད་ལུག་གི་རྣམ་པ་དེ་དག་རེད།  མ་དག་རྒྱུན་འབྱམས་དང་སྒྱིད་ལུག་གི་བག་ཆགས་དེས་དམངས་དང་གཞུང་གཉིས་ཀྱི་བར་དུ་ཕན་ཚུན་མི་དགའ་བའི་བག་ཆགས་འཇོག་པས་དེ་ད་ལྟའི་ང་ཚོའི་གནས་བབས་ལ་དཔག་ན་ཧ་ཅང་གི་དོགས་ཟོན་དང་བསྒྱུར་བཅོས་གཏོང་དགོས་པའི་བག་ཆགས་ཤིག་ཡིན།

བག་ཆགས་འདི་ལ་ཁྱད་ཆོས་མ་འདྲ་བ་མང་པོ་སྟོན་རྒྱུ་ཡོད། གསལ་ཁ་མེད་པའི་འགྲེལ་བཤད། དུས་ཚོད་ནར་འགྱངས། ལས་བྱེད་ཆེ་གེ་མོ་འབྲེལ་ཆགས་དང་བཟང་ཁ་མཐུན་ཕྱོགས། ཁ་གཡར་ས་གཞན་དང་ཁག་དཀྲི་ས་སོགས་ཧ་ཅང་མང།

༡༽ གསལ་ཁ་མེད་པའི་འགྲེལ་བཤད་ནི། ལས་དོན་གང་རུང་འགོ་ཁྲིད་ཚོས་མང་ཚོགས་ལ་འགྲེལ་བཤད་གནང་སྐབས་རང་ཉིད་ཀྱི་ཚིག་དེ་ཕྱོགས་གང་སར་བསྒྱུར་ཆོག་ཆོག་ཅིག་དང། ལམ་སྟོན་ཁ་གསལ་ཞིག་མེད་པས་མང་ཚོགས་ཀྱིས་དོན་མ་གོ་བར་ཡང་བསྐྱར་ཡང་བསྐྱར་འགྲོ་དགོས་པ་དང༌། མཐར་ལས་དོན་དེའི་ཆེད་དུ་ལས་བྱེད་ཚོས་ཁོང་ཚོར་རྫིག་མདོག་གིས་གཤེ་གཤེ་གཏོང་བ་དང༌།   ཁོང་ཚོའི་སེམས་ནང་དུ་ཁོང་ཁྲོའི་མེ་ལྕེ་མཆེད་ཀྱང་རང་ཉིད་ཀྱི་དོན་དེ་འགྲུབ་ཆེད་“ཤི་མདའ་ཁོག་ལ་སྦས། རྨ་ཁ་ཚིལ་གྱིས་གསུར་”ཞེས་པའི་དཔེ་ལྟར་སྡང་ཚིག་མང་པོ་ཞིག་ལ་བཟོད་སྒོམ་དང་ཉམ་ཆུང་མདོག་གིས་མགོ་སྒུར་ལྕེ་བསྣར་ནས་མི་སྡོད་ཐབས་མེད་རེད། གལ་སྲིད་ཕྱིར་ལས་བྱེད་ལ་ཚིག་ལན་སྤྲད་ན། ལས་བྱེད་དེས་ཀྱང་ཚིག་འདྲ་ཆགས་པོ་ཞིག་ཏན་ཏན་ལབ་ངེས་རེད། དེ་འདྲ་བྱས་ཏེ་ཕར་ལབ་ཚུར་ལབ་ཀྱི་མཇུག་འབྲས་འཁྲུགས་འཛིངས་རེད། དེའི་མཇུག་འབྲས་ཀྱི་གྱོང་གུད་ཆེ་ཤོས་ནི་མང་ཚོགས་དེར་རག་ངེས་རེད།

༢༽ དུས་ཚོད་ནར་འགྱངས་ནི།  དཔེར་ན། ལས་དོན་གང་ཞིག་གི་ཆེད་དུ་བཅར་སྐབས་དེ་རིང་ལས་བྱེད་ཆེ་གེ་མོ་ཞིག་མི་འདུག སང་ཉིན་ཕེབས། ཕྱི་ཉིན་སོང་ན་དེ་རིང་ཡང་ཆེ་གེ་མོ་ཞིག་མི་འདུག གཟའ་མིག་དམར་ལ་ཕེབས། ཡང་སོང་ན་བདུན་ཕྲག་གཅིག་གི་རྗེས་ལ་ཕེབས་ཞེས་བཅར་མཁན་དེའི་དུས་ཚོད་ཅི་ཙམ་འཕྲོ་བརླག་ཏུ་འགྲོ་ཡི་ཡོད་མེད་དུ་མི་ལྟ་བའི་རིགས་ཡིན། ལས་དོན་འདིའི་ཐད་ནས་མང་ཚོགས་མང་པོ་ཞིག་ལས་ཁུངས་སུུ་བཅར་དགོས་བྱུང་དུས་མགོ་ན་བའི་ཡུལ་རེད།

༣༽ ལས་བྱེད་ཆེ་གེ་མོ་འབྲེལ་ཆགས་དང་བཟང་ཁ་མཐུན་ཕྱོགས་ནི། མང་ཚོགས་སྤྱི་ལ་དབང་བའི་ཁེ་ཕན་དང་ལྷག་པར་དུ་ཉམ་ཐག་རྣམས་ལ་དབང་བའི་ཁེ་ཕན་གྱི་རིགས་ཕལ་ཆེར་ལས་བྱེད་ཆེ་གེ་མོ་འབྲེལ་ཆགས་དང་བཟང་ཁ་མཐུན་ཕྱོགས་སུ་ཐོབ་སྟེ་ལས་བྱེད་འབྲེལ་མེད་དང༌། ལྷག་པར་དུ་འབྲེལ་མེད་ཉམ་ཐག་སོགས་ལ་ཅི་ཡང་མི་ཐོབ་པའི་རིགས་ཡིན། དཔེར་ན། ཆེ་ས་ནས་བཤད་ན་ཁང་པ་ཐོག་བརྩེགས་དང༌།  ཚོང་ཁང༌། ཟ་ཁང༌། མགྲོན་ཁང་སོགས་རྒྱ་ཆེ་བའི་བདག་པོའི་རིགས།  འབྲིང་ས་ནས་བཤད་ན་ཇ་ཁང་དང་ཚོང་ཁང་ཆུང་ཆུང་རེ་ཡོད་པ་སྒེར་འཁོར་དང༌། འཕྲུལ་རྟ། གློག་ཀླད་སོགས་རང་ལ་མཁོ་བའི་ཡོ་ཆས་ཀྱི་རིགས་ཉོ་ཐུབ་པའི་དཔལ་འབྱོར་ཡོད་པའི་རིགས།   ཆུང་ས་ནས་བཤད་ན་ལམ་ཟུར་ན་ཉལ་ཁྲི་གཅིག་གི་སྟེང་དུ་ཅ་དངོས་ཐར་ཐོར་ཞིག་བཀྲམ་སྟེ། དེ་བཙོང་ནས་ཟླ་བ་རེ་རེའི་འགྲོ་གྲོན་འདང་ཙམ་གྱིས་འཚོ་བ་སྐྱེལ་བཞིན་པའི་རིགས།  ཐ་ན་རང་གི་འཚོ་བའི་འགྲོ་གྲོན་ཡང་མ་འདང་བར་དཀའ་ངལ་འཕྲད་བཞིན་པའི་རིགས་སོགས་འཚོ་བའི་གནས་སྟངས་འདི་དག་གི་ཁྲོད་དུ་གཞུང་ཞབས་པ་འགས་མ་དག་རྒྱུན་འབྱམས་དང་སྒྱིད་ལུག་བག་ཆགས་ཀྱི་ལག་ལེན་རྨང་གཞི་ཧ་ཅང་ཟབ། བག་ཆགས་འདིས་ཉམ་ཆུང་གི་མང་ཚོགས་མང་པོ་ཞིག་གི་ལུས་སེམས་གཉིས་ལ་བརྡབ་གསིག་གཏོང་གི་ཡོད། རྨང་གཞི་མཐུག་པའི་བག་ཆགས་དེ་གཏོར་བཤིག་གཏོང་ན་མཐོ་རིམ་ལས་ཁུངས་ནས་འགོ་འཛུགས་དགོས་ལ། མཐོ་དམའ་བར་གསུམ་གྱི་འགོ་ཁྲིད་མཁན་ཚོས་རང་ཉིད་ཀྱི་རྐུབ་སྟེགས་བརྟན་པའི་ཆེད་དུ་མཐོང་ཐོས་མེད་པའི་བརྟུལ་ཞུགས་ལ་གནས་མི་རུང༌།  བག་ཆགས་དེ་ངན་པ་ལངས་ཤོར་ཞིག་ཡིན་པས། དེ་གཏོར་བཤག་གཏོང་པའི་ལག་ལེན་ལ་འཛེམ་ཟོན་དང་བསྟུན་མཁས། ལྷོད་གཡེངས་སོགས་གཏན་ནས་གཏོང་མི་རུང༌།

༤༽ཁ་གཡར་ས་གཞན་དང་ཁག་དཀྲི་ས་སོགས་ཧ་ཅང་མང་བ་ནི། དཔེར་ན། མང་ཚོགས་ཤིག་ལས་དོན་ག་གེ་མོ་ཞིག་གི་ཆེད་དུ་ས་གནས་ལས་ཁང་དུ་བཅར་སྐབས་ལས་བྱེད་ཆེ་གེ་མོས་རྣམ་འགྱུར་བཟང་མདོག་གིས་ཁྱེད་ཀྱིས་སྙན་ཞུ་དང་ལས་དོན་གང་ཡིན་འདིར་ཞོག་དང་ངས་ཡར་མཐོ་རིམ་ལ་ཞུ་ཆོག  ཁྱེད་རང་ཉིན་ཁ་ཤས་ཀྱི་རྗེས་སུ་ཕེབས་དང་ག་འདྲ་ཡིན་མིན་ཧ་གོ་ཐུབ་ཅེས་ཟེར་མོད། ཡིན་ནའང་དོན་དངོས་ཐོག་མང་ཚོགས་དེ་ཉིན་ཁ་ཤས་ཀྱི་རྗེས་སུ་ཡོང་དུས། མང་ཚོགས་དེའི་ལས་དོན་མཐོ་རིམ་ལ་ཞུས་མེད་པ་འམ་ཞུས་ནས་ལན་འབྱོར་ཡོད་པ་གང་ཡིན་ནའང༌། ལས་བྱེད་ཆེ་གེ་མོས་ལས་ཀ་བྱེད་མ་འདོད་པའི་སྐབས་སུ་སླེབས་ན། ངས་ཡར་ཞུས་ཟིན་མོད་ད་དུང་ལན་གནང་མ་སོང༌། བདུན་ཕྲག་གཅིག་གཉིས་ཀྱི་རྗེས་སུ་ཕེབས་དང༌།  ཞེས་དང༌། ཡང་བདུན་ཕྲག་རེ་གཉིས་ཀྱི་རྗེས་སུ་སོང་དུས།  ཆེ་གེ་མོའི་ཐུགས་མ་སྤྲོ་བའི་ཉིན་དང་ཁེལ་ན། ཉིན་ཁ་ཤས་ཀྱི་སྔོན་ལ་འགྱུར་པ་བཏང་སྟེ་དེའི་རིགས་མེད་པ་བཟོས་ཟིན། ཡིན་ནའང་རྗེས་ལ་ལྟོས་དང༌། ཞེས་ཟེར་བཞིན་གཞན་ལ་མུ་མཐུད་དུ་བཟོ་བཞིན་པའི་རིགས་དང་། ལས་དོན་མཚུངས་ཀྱང་གཅིག་ལ་མི་དགོས་པའི་ཆ་རྐྱེན་གཅིག་ལ་དགོས་པ། ཡར་ཞུས་མེད་པ་ཞིག་ཡིན་ན་ཨ་ཅང་ཅང༌། ཡར་ཞུས་ཏེ་མར་ལན་འབྱོར་ཡོད་ནའང་གོང་དུ་བརྗོད་པ་དེ་བཞིན་ཟེར་བ་སོགས་མང་ངོ༌།།

ཞར་བྱུང་བཤད་འདོད་ཅིག་ནི། མཐོ་རིམ་མི་སྣ་དང་དེའི་འོག་གི་ལས་བྱེད་ཀྱི་ཐད་རེད། དེར་ཚིག་ཚོགས་མང་པོ་མི་དགོས་པར་ཁ་རུ་ཁ་ཐུག་ལ་བཤད་ན། ཐོབ་དབང་དང་ལས་གནས་གང་ཡང་མེད་པའི་མི་སེར་དཀྱུས་མ་ཞིག་སྤྱི་དོན་དང་རང་དོན་གང་ཡིནའང་མཐོ་རིམ་མི་སྣའི་སར་བཅར་དགོས་བྱུང་ན། མཐོ་རིམ་མི་སྣའི་འོག་གི་ལས་བྱེད་ཁ་ཤས་ཀྱིས་མི་སེར་དཀྱུས་མ་དེ་འགོག་ཅི་ཐུབ་དང༌། ལས་དོན་ནར་འགྱངས་བྱེད་པའི་བསམ་བློ་དང་ཀུན་སྤྱོད་ཀྱི་རིགས་ཡིན་ལ། དེ་ནི་ང་ཚོའི་སྤྱི་ཚོགས་འདིར་ཁ་ན་བགྲངས་བཞིན་པའི་ལམ་ཕྱོགས་དང་མེ་ཆུ་ལྟ་བུར་གྱུར་ཡོད། འདིའི་རིགས་ལ་བསྒྱུར་བཅོས་གཙང་མ་ཞིག་མ་བྱས་ན་གཞུང་ཞབས་པ་དང་མི་སེར་དཀྱུས་མའི་བར་ལ་གོང་དུ་བརྩི་འཇོག་དང་འོག་ལ་བྱམས་སྐྱོང་གི་རིགས་དང༌། མཐོ་དམན་ཀུན་རྡོག་རྩ་གཅིག་སྒྲིལ་གྱི་ཀུན་སློང་རྣམ་དག་ཅིག་འབྱུང་མི་སྲིད། ཁ་ནས་མ་ཐོན་པ་ཙམ་ལས་ཁོག་ཏུ་མ་དགའ་བ་དང་མི་རེངས་པའི་གནོད་རྐྱེན་མང་དག་ཅིག་སེམས་ལ་ཉར་རྒྱུ་རེད། དེའི་དབང་གིས་རྡོག་རྩ་གཅིག་སྒྲིལ་གྱི་ཀུན་སློང་རྣམ་དག་མི་འབྱུང་བ་ཚིག་ཐག་ཆོད་པོས་བཤད་པ་ཡིན། ད་དུང་ངས་ཡང་བསྐྱར་བཤད་རྒྱུ་ཞིག་ནི། ལས་བྱེད་མང་པོ་ཞིག་གིས་རང་ཉིད་གཅིག་པུ་ལས་ཕ་རོལ་པོ་བཅར་མཁན་གྱི་དུས་ཚོད་ལ་མི་ལྟ་བར་སང་ཉིན་དང་གནང་ཉིན་ཞེས་བཅར་མཁན་གྱི་དུས་ཚོད་ནར་འགྱངས་བྱེད་པ་དེའི་རིགས་ནི་ཧ་ཅང་གི་ཐབས་སྐྱོ་བོར་མཐོང་ངོ༌།། བཅར་མཁན་ཚོ་རང་དོན་དང་གཞན་དོན་གང་ཡིན་ཡང་རང་ཉིད་ཀྱི་འཚོ་བའི་ཐོན་ཁུངས་ཕར་གཡུགས་ནས་ཡོང་བ་ཞིག་ཡིན་པས་ཁོ་ལའང་རང་ཉིད་ཀྱི་ནུས་པ་དང་མཐུན་པའི་བྲེལ་བ་ཞིག་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཁོ་ཚོའི་བྲེལ་བ་དེ་མི་ཚང་ཞིག་གི་ལྟོ་གོས་ཁོ་ནར་འབྲེལ་བ་དམ་ཟབ་ཡོད། མི་ཚང་ཞིག་རང་མགོ་རང་ཐོན་བྱེད་པར་རམ་འདེགས་བྱེད་དགོས་ན། མི་དཀྱུས་མ་དེ་ཚོའི་དུས་ཚོད་ལའང་ངེས་པར་དུ་དོ་སྣང་སྤྲད་དགོས་སོ།།

མི་དཀྱུུས་མ་དེའི་དུས་ཚོད་གཅིག་འཕྲོ་བརླག་ལ་སོང་ནའང་མི་ཚང་དེའི་ལྟོ་གོས་ལ་དཀའ་ངལ་འཕྲད་ཀྱི་ཡོད། དེར་དཀའ་ངལ་འཕྲད་ན་ང་ཚོའི་གཞུང་ལའང་ལག་པ་སྐྱོང་མཁན་ཇེ་མང་དུ་སོང་བ་མ་ཡིན་ནམ། རྒྱ་གར་གྱི་གཞུང་ཞབས་པས་དུས་ཚོད་ནར་འགྱངས་ཀྱི་ངན་གོམས་དེ་ང་ཚོའི་གཞུང་ཞབས་ལ་བག་ཆགས་གཏིང་ཟབ་ཅིག་འདུག འདིའི་རིགས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མཁན་ཞིག་ལ་མཚོན་ན། ངེས་པར་དུ་དོར་དགོས། ངས་བཤད་པ་འདིར་མི་དགའ་བ་དང་ང་ལ་སྡང་མཁན་སོགས་འབྱུང་སྲིད་མོད། དེའི་རིགས་ལ་འཁོན་དགོས་པ་ཞེད་དགོས་པ་གང་ཡང་མེད། ངས་མཐོ་འབྲིང་དམའ་གསུམ་གྱི་བར་དུ་མ་དག་རྒྱུན་འབྱམས་སུ་ལྷག་ཡོད་པའི་བག་ཆགས་ཤིག་གསལ་བཤད་བྱས་པ་ཙམ་ཡིན་ནོ།།