གསལ་བཤད།
རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར། ཁ་སང་དེ་རིང་ལི་ཐང་དབྱིག་གཉེན་ཟེར་བ་ཞིག་དང་། ཟངས་དཀར་ཚུལ་ཁྲིམས་ཟེར་བ་ཞིག་གིས་ངོ་དེབ་སྟེང་། དགེ་ལུགས་རྒྱུགས་སྤྲོད་ཐོག་བྱུང་བའི་རྙོག་གླེང་ཞེས་པའི་ཁ་བྱང་འོག སེར་བྱེས་གྲྭ་ཚང་གི་གྲྭ་པས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་རྒྱུགས་སྤྲོད་སར་ཁྱེར་ཡོང་སྟེ།
དྲི་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་ནང་དོན་ངོ་བཤུས་བྱས་པའི་རྐྱེན་གྱིས་གྲྭ་པ་དེ་ཚོ་ཕྱིར་ཕུད་བྱས་ཡོད་ཀྱང་། ད་དུང་རྙོག་གླེང་ཆེ་རུ་འགྲོ་ངེས་པའི་གནས་ཚུལ་ཐོན་ཡོད་པ་རེད། གྲྭ་པ་གཅིག་གི་མིང་ལ་ཨོ་རྒྱན་ཟེར་ཞིང་སེར་བྱེས་བྱ་བྲལ་ཁང་ཚན་ནས་ཡིན་པར་འགྲེལ་བརྗོད་བྱས་ཡོད་འདུག འོན་ཀྱང་གནས་ཚུལ་དེ་ཕྱི་ཕྱོགས་སུ་མི་འགྲོ་བའི་ཐབས་ཤེས་བྱེད་ཀྱིན་འདུག་ཟེར་ཞེས་ཨོ་རྒྱན་ཟེར་བ་དེ་བྱ་བྲལ་ཁང་ཚན་ནས་ཡིན་པ་དང་། དེ་ཚོ་ཞེས་སེར་བྱེས་གྲྭ་པ་འགའ་ཕྱིར་འཕུད་བྱས་ཡོད་པའི་གནས་ཚུལ་རྫུན་མ་པར་ངོས་ལ་བཟོས་ནས་སྤེལ་འདུག སེར་བྱེས་བྱ་བྲལ་ཁང་ཚན་གྱི་དགེ་ལུགས་རྒྱུགས་སྤྲོད་པ་ཚོ་ནི། བློ་བཟང་འཇིགས་མེད། བཀྲ་ཤིས་བཟང་པོ། ཐུབ་བསྟན་ཡར་རྒྱས། ངག་དབང་རྒྱ་མཚོ། ཐུབ་བསྟན་འཕེལ་རྒྱས། དགེ་འདུན་ཆོས་འབྱོར། བསོད་ནམས་མགོན་པོ། དགེ་འདུན་ཉི་མ། འཇིགས་མེད་འོད་ཟེར། བློ་བཟང་བསྟན་དར། དགེ་འདུན་བློ་བཟང་བཅས་མི་བཅུ་གཅིག་པོ་དེ་དག་ཡིན་ཞིང་མིང་ལ་ཨོ་རྒྱན་ཟེར་བ་ཞིག་རྩ་བ་ནས་མེད་པར་མ་ཟད། དགེ་ལུགས་རྒྱུགས་སྤྲོད་དུ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཁྱེར་ནས་ཕྱིར་འཕུད་བྱས་སོང་བའི་སེར་བྱེས་བྱ་བྲལ་ཁང་ཚན་གྱི་གྲྭ་པ་ཞིག་གཏན་ནས་མེད་པས་བོད་ཕྱི་ནང་གིས་རྒྱ་ཆེའི་མི་མང་སུས་མཐོང་ན་དེ་ལ་ཡིད་ཆེས་དང་བློ་ཕམ་མི་གནང་བར་ཞུ།
སེར་བྱེས་བྱ་བྲལ་ཁང་ཚན་ཡིག་ཚང་ནས། ཕྱི་ལོ་༢༠༡༢ ཟླ་༩ ཚེས་༣ ལ།