བུད་མེད་ཚོང་པ་ཞིག་འཛིན་བཟུང༌།
ཕྱི་ཚེས་༥ ཉིན་སྟེ་གཟའ་ལྷག་པའི་ཉིན་ཁམས་ཡུལ་ཤུལ་ཁུལ་གྱི་བུད་མེད་ཚོང་པ་བསོད་ཡག་ཟེར་བ་ཞིག ཁུལ་དེའི་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་ཁྲིད་ཆ་མེད་དུ་གྱུར་ཡོད་འདུག
དེ་ཡང་དྷ་སའི་འབྲེལ་བ་ལས་ཁང་གི་ལས་བྱེད་མཁྱེན་རབ་ཉི་མས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར། ཟླ་འདིའི་ཕྱི་ཚེས་༥ ལྷག་དཀར་ཉིན་གྱི་དགོང་དྲོའི་ཆུ་ཚོད་༦ པ་ཙམ་ལ། ཁམས་ཡུལ་ཤུལ་ཁུལ་གྱི་ས་གནས་ཉེན་རྟོག་པས། རང་ལོ་༤༠ ཙམ་ཡིན་པའི་ཁུལ་དེའི་བོད་རིགས་བུད་མེད་ཚོང་པ་བསོད་ཡག་ཟེར་བ་ཞིག ཁུལ་དེའི་ས་གནས་གཡག་ཐང་ཆེན་ཞེས་པ་ནས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
དེ་ཡང་གནས་ཚུལ་འགྲེལ་བརྗོད་པས་ཁོ་མོ་འཛིན་བཟུང་བྱས་རྐྱེན་ཐད་ནས་བརྗོད་དོན། “བུད་མེད་ཚོང་པ་བསོད་ཡག་ནི། ཁམས་ཡུལ་ཁུལ་དུ་སྐད་གྲཊ་ཆེ་བའི་ཚོང་པ་རྣམ་སྲས་ལྷ་སྐྱབས་ཀྱི་བུ་མོ་ཡིན་པ་དང་། ཁོ་མོ་ནི་ནམ་རྒྱུན་དུ་བོད་དོན་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན་འདུག་ལ། ཉེ་ལམ་ནས་ཡུལ་ཤུལ་ཁུལ་གཡག་ཐང་ཆེན་དུ་གཟི་དང་བྱུ་རུ། དབྱར་རྩྭ་དགུན་འབུ་བཅས་ཀྱི་ཚོང་རྒྱག་མཁན་བོད་མི་སྐོར་ཞིག་གིས།
༧གོང་ས་མཆོག་གི་སྐུའི་བླ་གཟའ་ཉིན་བོད་ཆས་གྱོན་རྒྱུའི་ཐག་གཅོད་བྱུང་ཡོད་ཀྱང་། བདུན་ཕྲག་དེའི་གཟའ་ལྷག་པའི་ཉིན་བོད་མི་ཁག་ཅིག་ཁྲོམ་གཞུང་དུ་བོད་ཆས་མ་གྱོན་པར་འགྲོ་སྐབས། བུད་མེད་ཚོང་པ་བསོད་ཡག་གིས་མི་དེ་ཚོར་བོད་ཆས་གྱོན་དགོས་པ་ནན་སྐུལ་བྱས་སྟབས། ཉིན་དེའི་མཚན་མོར་ཉེན་རྟོག་པས་གཡག་ཐང་ཆེན་ནས་ཁོ་མོ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་”ཅེས་བརྗོད་སོང་།