བོད་ལ་མི་དགོས་བ་མི་རྣམ་དཔྱོད་ཅན་ཨེ་རེད།

ནམ་མཁའ།
ང་ཚོའི་བོད་མི་རིགས་འདི་ལ་འདས་བའི་ལོ་རྒྱུས་དང་དེ་རིང་གི་བསམ་བློའི་གོ་རྟོགས་ལ་གཞིགས་ཚེ། བོད་མི་རིགས་ཀྱི་ཕུགས་རྒྱང་མཐོང་བའི་མི་རྣམ་དཔྱོད་ཅན་དག་དགོས་བར་མཐོང་མ་སོང་། འདས་བའི་བོད་ཀྱི་བཙན་པོ་སྐབས་ནས་བཟུང་དེ་རིང་བར་དུ་མི་རྣམ་དཔྱོད་ཅན་དང་ལྷག་བསམ་ཡོད་མཁན་ཚོར་དཀའ་ངལ་རིམ་པ་མང་པོར་སྤྲད་ཡོད།

དཔེར་ན་བཙན་པོ་གླང་དར་མ་ལ་ཆོས་ལུགས་པ་དང་ཕུགས་རྒྱང་རིང་པོ་མི་མཐོང་བའི་མི་ཚོས་དཀྲོགས་གཏམ་འདྲ་མིན་སྤེལ་ཏེ་བདུད་རྒྱལ་ཞིག་ཡིན་པ་མ་ཟད། མགོ་ལ་རྭ་སྐྱེས་ཡོད་ཚུལ་སོགས་བཤད་ཐ་མར་སྐུ་དཀྲོངས་པ་རེད། གསོད་མཁན་གྱི་ལག་དམར་གསང་བདག་ཕྱག་ན་རྡོ་རྗེ་ཡི་སྤྲུལ་བ་ཡིན་ཚུལ་སོགས་བསྟད་ནས་གནམ་འཕངས་བསྟོད། དེ་ནས་བཟུང་དེ་རིང་གི་སྡུག་བསྔལ་འདིའི་འགོ་བརྩམས་པ་རེད། གླང་དར་མའི་མགོ་ལ་རྭ་ཞིག་སྐྱེས་ཡོད་པ་སུས་ཀྱང་མཐོང་མྱོངས་མེད་ལ། སྲོང་བཙན་སྒམ་པོའི་མགོ་ལ་འོད་དཔག་མེད་ཀྱི་སྐུ་ཞིག་ཡོད་པ་ཡང་སུས་ཀྱང་མཐོང་མྱོངས་ཡོད་པར་མི་འདོད། རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་གཉིས་བཞུགས་ཡོད་ཚེ་ང་ཚོས་སྐད་ཆ་དྲིས་ཀྱང་ཁོང་གཉིས་ཀྱིས་ཀྱང་མཐོང་ཡོད་པར་མི་འདོད། ཡིན་ཡང་འདི་ཚང་མ་ནི་དགའ་ས་ཞིག་ལ་བསྟད་ནས་དགུང་ལ་བཞག་འཇོག་པ་དང་། མི་དགའ་ས་ཞིག་ལ་སྨད་ནས་བདུད་རྒན་ཞིག་ཏུ་བཟོ་བ་འདི་ང་ཚོའི་བོད་མི་རིགས་ཀྱི་གོམས་སྲོལ་ངན་པ་ཞིག་ཏུ་གྱུར་ཡོད།

བོད་གཞུང་དགའ་ལྡན་ཕོ་བྲང་གི་འགོ་བཙུགས་ཏེ་ཡུན་རིང་མ་ལོན་པར་༧གོང་ས༧ལྔ་བ་ཆེན་པོ་དགོངས་པ་རྫོགས་པ་དང་། དེའི་རྗེས་མུ་མཐུད་ནས་སྡེ་སྲིད་ཀྱིས་བོད་ཀྱི་སྲིད་དབང་བཟུང་སྟེ་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ངོས་འཛིན་གནང་བ་སོགས་ཀྱིས་མཛད་རྗེས་བླ་ན་མེད་པ་བྱུང་ན་ཡང་། སོག་པོ་ལྷ་བཟང་གིས་དཀྲོགས་གཏམ་འདྲ་མིན་སྤེལ་བ་ལ་རྟེན་མི་དམངས་དང་བླ་མ་སྤྲུལ་སྐུ་སྐོར་ཞིག་གིས་ཀྱང་སོག་པོ་ལྷ་བཟང་ལ་རྒྱབ་སྐྱོར་བྱས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་པ་མ་ཟད། ༧གོང་ས་དྲུག་པ་ཚངས་དབྱངས་རྒྱ་མཚོ་ཡང་ཁྲི་ཐོག་ནས་ཕབ་སྟེ་བྱིས་པ་གཞན་ཞིག་ངོས་འཛིན་བྱས་པ་ང་ཚོས་ཚང་མས་མཐོང་གསལ་གྱི་ལོ་རྒྱུས་དག་ན་གསལ་བོ་ཡོད།

དུས་རབས་ཉི་ཤུའི་ནང་ལ་ཡང་ད་རུང་མདུན་གྱི་ཕོར་བའི་ནང་མ་གཏོགས་མ་མཐོང་སྟབས། རྣམ་དཔྱོད་ཀྱི་འོད་སྣང་འཕྲོ་བའི་རྩིས་དཔོན་ལུང་ཤར་རྡོ་རྗེ་རྒྱལ་མཚན་མཆོག་ཀྱང་བཙོན་འཇུག་བྱས་བ་མ་ཟད། སྤྱན་རིལ་གཉིས་ཀྱང་བཏོན་པ་དང་། མི་དམངས་ནང་ལ་དཀྲོགས་གཏམ་འདྲ་མིན་སྤེལ་ཏེ། ལུང་ཤར་རྡོ་རྗེ་ལ་མཇུག་མ་སྐྱེས་ཏེ་ལྷ་སའི་ཁྲོམ་ན་དྲུད་ནས་འགྲོ་གི་འདུག་ཅེས་བཤད་པ་སོགས་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཆོས་སྲིད་ཟུང་འབྲེལ་ན་གསལ།

ང་ཚོ་ཆ་ཚང་གི་དགའ་ས་དང་དད་སའི་དགེ་ཆོས་ཀྱང་མི་དཀར་བོའི་མགོ་ལ་ཞྭ་མོ་ནག་པོ་གཡོགས་སྟེ་བཙོན་འཇུག་བྱས་། ཁོང་གི་གསུང་རྩོམ་མང་པོ་ཡང་ཤུལ་མེད་དུ་གྱུར་བ་ང་ཚོས་མིག་གིས་མཐོང་གསལ་ཡིན།  དེ་རིང་རྗེས་ནས་དགེ་ཆོས་དང་རྩིས་དཔོན་རྗོ་རྗེ་རྒྱལ་མཚན་སོགས་དྲན་བཞིན་འགྱོད་པ་སྐྱེས་བཞིན་ཡོད་ཀྱང་བྱ་ཐབས་བྲལ་བའི་གནས་སུ་ལྷུང་ཡོད།

འདི་འདྲའི་སྐྱོ་གར་གྱི་ཞབས་བྲོ་བརྒྱབ་སྟེ་ཐང་ལ་ཐེངས་མང་འགྱེལ་ན་ཡང་། ད་རུང་བསམ་གཞིགས་སྤུ་ཙམ་ཡང་བྱེད་མི་ཐུབ་པར་ཕུགས་རྒྱངས་རིང་པོ་ཅན་དང་། རྣམ་དཔྱོད་ཅན་ཚོས་བསམ་བློའི་གོ་རྟོགས་ལ་དཔྱད་ཞིབ་ཙམ་ཡང་མི་བྱེད་པར་གཞུང་དམངས་གཉིས་ཀྱིས་བཀག་འགོག་བྱེད་རྐྱང་དང་། མི་དཀར་བོའི་མགོ་ལ་ཞྭ་མོ་ནག་པོ་ཞིག་གཡོགས་རྐྱང་བྱེད་དོན་ཅི་ཡིན་ནམ། ཕྱོགས་གཅིག་ནས་མང་གཙོའི་ཀ་བ་གསུམ་ལྡན་ལོངས་སུ་སྤྱོད་བཞིན་ཡོད་ཚུལ་དང་། ཕྱོགས་གཞན་ཞིག་ནས་བཀའ་སྤྱི་གཉིས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་མ་མཐུན་ཚེ། དེར་མི་ཡི་མི་འཁྱོགས་པའི་ཞྭ་མོ་ནག་པོ་ཞིག་དང་བོད་མི་རིགས་ཀྱི་སེམས་དང་མིག་ནས་མི་མཛེས་པའི་སྐད་ཆ་ཞིག་ཁྱེར་འོང་ནས་མགོ་ལ་གཡོགས་རྐྱང་བྱེད་དོན་ཅི་ཡིན་ནམ།

ང་ཚོ་ཆ་ཚང་གིས་ཤེས་གསལ་ལྟར་དམངས་གཙོ་རྒྱལ་ཁབ་ཡོངས་ལ་ཆབ་སྲིད་ཁ་གཏད་ཚོགས་པ་རེ་ཡོད་པ་མཁྱེན་ཡོད། ཡིན་ཡང་ང་ཚོའི་གཞུང་ལ་ཆབ་སྲིད་ཁ་གཏད་ཚོགས་པ་མེད་པའི་རྐྱེན་གྱིས་གཞུང་གི་ཆབ་སྲིད་ལྟ་གྲུབ་དང་མི་མཐུན་པའི་ལྟ་གྲུབ་ཅིག་བཤད་པའི་སྐབས། ལམ་སེང་༧གོང་ས་མཆོག་གི་དགོངས་པ་འགལ་ཚུལ་དང་མཚན་སྨད་བྱེད་ཀྱི་འདུག་ཅེས་ནག་རྩི་ཞིག་ཆེ་ས་ནས་བྱུགས་གང་ཐུབ་བྱེད་ཀྱི་ཡོད།  བྱེད་སྟངས་འདི་ལ་གཞིགས་ཚེ་ད་རུང་དམངས་གཙོ་ཞེས་བའི་ཐ་སྙད་འདི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཅུང་ཟད་རྒྱང་ཐག་རིང་བར་མཐོང་སོང་། དཔེར་ན་གཞོན་ལྷན་དང་སྐུ་ཞབས་འཇམ་ནོར། ལྷ་བཟང་ཚེ་རིང་སོགས་ཀྱིས་རང་བཙན་རྩོད་ལེན་གྱི་འཐབ་རྩོད་དང་བཙན་བྱོལ་བོད་གཞུང་ཞེས་བའི་ཐ་སྙད་འདོག་སྟངས་ཀྱི་སྐོར་ལ་བསམ་ཚུལ་རེ་བཤད་པ་ཙམ་གྱིས་༧གོང་ས་མཆོག་ལ་མཚན་སྨད་ཞིག་བྱས་པར་ནམ་ཡང་ཕྲན་གྱིས་མི་འདོད། ཡིན་ཡང་ཁ་སང་ཚོགས་སྐྱིད་༡༡ གིས་གློ་བུར་དུ་ཚོགས་འདུ་སྐོང་སྟེ་གྲོས་ཆོད་བཞག་པ་འདི་ནི་དངོས་གནས་རི་བོང་ཅལ་འདྲོགས་ཀྱི་གྲོས་ཆོད་རང་རེད་བསམ།

ཉི་མ་གཅིག་སྐུ་ཞབས་འཇམ་ནོར་དང་ལྷ་བཟང་ཚེ་རིང་ལྟ་བུའི་མི་རྣམ་དཔྱོད་ཅན་དག་འདས་གྲོངས་སུ་ཕྱིན་པའི་ཉིན་མོ། ད་གཟོད་ཁོང་ཚོའི་བསམ་ཚུལ་ལ་ཡིད་སྨོན་སྐྱེ་སྲིད་པ་མ་ཟད། དེ་རིང་ང་ཚོས་དགེ་ཆོས་དང་རྩིས་དཔོན་ལུང་ཤར་རྡོ་རྗེ་སོགས་དྲན་པ་གཅིག་མཚུངས་ཡོང་ངེས་ཡིན། དེ་དུས་ནི་བློ་འགྱོད་རྟ་ཡིས་མི་ཟིན་ཀྱང་བྱ་ཐབས་མེད། དང་པོ་ཚོགས་སྐྱིད༡༡ དང་བཀའ་སྤྱི་གཉིས་ཀྱིས་ཁོང་ཚོའི་བསམ་ཚུལ་དེ་ལ་གནས་ལུགས་དང་བོད་མི་རིགས་ལ་སྙིང་ནས་དུངས་བའི་གཏམ་ཞིག་དང་འཐབ་རྩོད་ཡིན་མིན་ལ་དཔྱད་པ་བྱེད་དགོས། ཁོང་ཚོ་ཡང་གཏམ་བརྗོད་ཀྱི་རང་དབང་ཡོད་ཚེ། ཁོ་རང་ཚོའི་ཆབ་སྲིད་ཀྱི་ལྟ་གྲུབ་ཞིག་བཟུང་མ་ཆོག་པ་གང་ཡིན་ནམ། ལམ་སེང་༧གོང་ས་མཆོག་ལ་ཐུགས་ཕམ་བཟོས་སོང་ཞེས་བཀའ་སྤྱིའི་གཏམ་བཤད་ལ། ཚོགས་སྐྱིད་༡༡ གིས་རྒྱབ་སྐྱོར་རྣམ་པས་གྲོས་ཆོད་བཞག་སྟེ། ༧གོང་ས་མཆོག་ལ་མཚན་སྨད་བྱེད་མཁན་ཡོད་ན་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡིན་ཟེར་བའི་གྲོས་ཆོད་འདི་རྒྱུ་མཚན་གང་ཞིག་ལ་བསྙད་པ་རེད།  ཁོང་ཚོའི་གཏམ་ཞིག་ན་མཚན་སྨད་བྱེད་པའི་ཚོར་བ་ཞིག་ང་ལ་ནམ་ཡང་བྱུང་མ་སོང་།

འདི་ནི་མི་དཀར་བོའི་མགོ་ལ་ཞྭ་མོ་ནག་པོ་ཞིག་གཡོགས་པ་རང་རེད། ཁོང་ཚོས་དངོས་གནས་༧གོང་ས་མཆོག་ལ་མཚན་སྨད་བྱས་ཡོད་ཚེ། གུས་པ་ལྟ་བུའི་བླུན་པོ་མང་པོ་ཞིག་ཀྱང་གཞོན་ལྷན་དང་། ཇམ་ནོར། ལྷ་བཟང་ཚེ་རིང་སོགས་ཀྱི་ལྡོག་ཕྱོགས་ནས་འབུད་གང་ཐུབ་བྱེད་ངེས་ཡིན། ཡིན་ཡང་གནས་ལུགས་རྒྱུ་མཚན་མེད་པར་ཆབ་སྲིད་ཀྱི་ལྟ་གྲུབ་མ་མཐུན་པའི་དབང་གིས། ཁ་གཞན་ཞིག་ལ་གཡར་ཏེ་གཏམ་བརྗོད་ཀྱི་རང་དབང་འགོག་འདོད་པའི་གྲོས་ཆོད་འདི་ནི་ཆེས་མི་འཐད་པ་ཞིག་ཏུ་མཐོང་སོང་། གང་ལྟར་ཕྲན་གྱིས་གང་ཞིག་བཤད་པ་དག་གིས་ཚོགས་སྐྱིད་༡༡ ལ་ཕོགས་ཐུག་མི་འགྲོ་བའི་རེ་བ་ཡོད་།

༢༠༡༢ ལོའི་ཕྱི་ཟླ་༩ པའི་ཚེས་༧ ཉིན་ནམ་མཁས་ཡོ་རུབ་ནས་བྲིས།