རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་མཐོང་རྒྱུ་མི་འདུག
དེང་གི་བདུན་ཕྲག་གཅིག་གི་རིང་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གང་དུ་ཡོད་མེད་སྐོར་ལ་གླེང་སློང་སྣ་ཚོགས་དང་། ཚོད་དཔག་བྱེད་པའི་གནས་ཚུལ་དེ་ཤུགས་ཆེ་རུ་གྱུར་ཡོད་པ་རེད།
ཞི་ཅིན་ཕིང་གི་རེས་གཟའ་ཟླ་བའི་ཉིན་ཌེག་ནི་ཤིའི་སྲིད་བློན་མཇལ་འཕྲད་བྱེད་རྒྱུ་དེ་ཡིན་ཡང་དེ་མཇལ་འཕྲད་བྱེད་མ་ཐུབ་པར་ཕྱིར་འཐེན་བྱས་ཡོད་པ་མ་ཟད། རེས་གཟའ་པ་སངས་ཉིན་ཏང་གི་གལ་ཆེའི་དམར་ཤོག་ཚོགས་ཆེན་ཐོག་ཁོང་ངོ་བཅར་ཐུབ་མེད་པ་རེད།
ཞི་ཅིན་ཧཕིང་ནི་ཟླ་རྗེས་མའི་ནང་ཏང་གི་དམར་ཤོག་ཚོགས་ཆེན་ཐོག་སྲིད་འཛིན་ཆགས་རྒྱུ་རེ་བ་ཆེ་ཤོས་ཡིན་པ་དང༌། སྐབས་དེར་མཐོ་རིམ་དཔོན་རིགས་ཁྲོད་ནས་འགྱུར་བ་ཤུགས་ཆེ་ཤོས་དེ་མཐོང་རྒྱུ་ཡིན་པ་རེད།
ཡིན་ནའང༌། ཚོགས་ཆེན་ག་དུས་འཚོག་རྒྱུ་ཡིན་མིན་དུས་ཚོད་ད་ལྟ་གཏན་འབེབས་བྱས་མེད་ལ། གླེང་ཤུགས་ཆེ་བའི་གནས་ཚུལ་ལྟར་ན། འགོ་ཁྲིད་ཁྲོད་ནས་དབང་ཆ་འཐབ་རྩོད་དེ་ད་དུང་ཡང་ཞི་འཇམ་དུ་འགྲོ་ཐུབ་མེད་ཅེས་སྦི་སྦི་སི་ཨེ་ཤེ་ཡའི་ཞིབ་འཇུག་པ་སྐུ་ཞབས་ཅར་ལེ་སེ་ལ་ཀེན་ལོང་ནས་བརྗོད་ཡོད།
གཟའ་ཟླ་བའི་ཉིན་ཌེ་མག་རྒྱལ་ཁབ་ཀྱི་ Thorning Schmidt དང་ཞི་ཅིན་ཕིང་གཉིས་མཇལ་འཕྲད་ལ་དོ་སྣང་ཆེན་པོ་ཡོང་ཆེད་རྒྱལ་སྤྱིའི་གསར་འགོད་པ་ཚོར་ཉིན་ཤས་གོང་མཛད་འཆར་སྤྲད་ཡོད་པ་རེད། ཡིན་ནའང༌། འགོ་ཁྲིད་གཉིས་ཀྱི་གླེང་མོལ་མཛད་འཆར་ནས་ཕྱིར་བསྡུ་བྱས་ཡོད།
བདུན་ཕྲག་སྔ་མའི་རེས་གཟའ་ལྷག་པ་ཉིན་ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལ་རེ་ཁེ་ལོན་ཊོན་གདན་ཞུ་བྱེད་རྒྱུ་གློ་བུར་དུ་ཕྱིར་བཤོལ་བྱས་ཡོད། ལོ་འདིའི་འགོ་སྟོད་དུ་ཞི་ཅིན་ཕིང་ཝ་ཤིང་ཀྲོང་དུ་འཚམས་གཟིགས་ཕེབས་སྐབས་ཁོང་ལ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་ཆེ་མཐོང་ཐོག་ནས་སྣེ་ལེན་བྱས་པ་རེད།
ཁོང་གིས་སིང་ག་པུར་སྲིད་བློན་དང་ཨུ་རུ་སུར་གཞུང་འབྲེལ་འཚམས་གཟིགས་སྐོར་སྐྱོད་བྱེད་རྒྱུ་དེ་ཡང་མཛད་འཆར་ནས་ཕྱིར་བསྡུ་བྱས་ཡོད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་རེས་གཟའ་ཟླ་བའི་ཉིན་ཞི་ཅིན་ཕིང་གློ་བུར་མཐོང་ཡུལ་ནས་མེད་པར་གྱུར་བའི་སྐོར་དྲི་བར་ལན་འདེབས་བྱེད་རྒྱུར་གཡོལ་བ་དང༌། གནས་ཚུལ་འབྱོར་ཁུངས་ལྟར་ན་ཁོང་གིས་དེ་སྐོར་གནས་ཚུལ་གང་ཡང་བཤད་རྒྱུ་མེད་སྐོར་བརྗོད་ཡོད། གསར་འགོད་གསར་བསྒྲགས་སྐབས་ང་ཚོས་ཁྱེད་རྣམས་ལ་གནས་ཚུལ་ཆ་ཚང་བཤད་ཡོད་ཅེས་མགྲིན་ཚབ་པ་ཧོང་ལེ་ཟེར་བ་དེས་ལན་འདེབས་བྱས་པ་རེད།
ལན་འདེབས་ཀྱི་ནང་ནས་ལྡོག་ཏུ་མེད་པའི་གཏམ་འཆལ་གྱི་ཚ་རླབས་གང་སར་ཁྱབ་ཡོད་ཅིང༌། ང་ཚོའི་འབྲེལ་མཐུད་པས་བརྗོད་པ་ལྟར་ན། གསར་འགྱུར་ནས་ཀྲེའུ་ཏྲར་བར་གནས་ཚུལ་འགྲེལ་བཤད་བྱས་པ་གཞིར་བཟུང་བྱས་ན། དབང་ཆ་འཐབ་རྩོད་ཀྱི་འོག་ནས་ཞི་ཅིན་ཕིང་འགྲུལ་འཁོར་བརྡབ་སྐྱོན་གྱི་གནས་ཚུལ་ཞིག་ནང་ལྷག་ཡོད་པ་རེད་ཅེས་ཟེར།
དེ་སྔོན་ལྕམ་ཧེ་ལ་རེ་ཁེ་ལོན་ཏྲོན་དང་མཇལ་འཕྲད་བྱེད་རྒྱུ་ཕྱིར་བཤོལ་བྱེད་སྐབས་རྐང་རྩེད་སྤོ་ལོ་ནས་ཆུ་སྐྱེལ་དང༌། དབྱུག་རྩེད་བཅས་གང་རུང་ཞིག་ན་ཁོང་གི་བརྒལ་ཚིགས་བརྡབ་སྐྱོན་ཤོར་ཡོད་སྐོར་གཏམ་འཆལ་སྣ་ཚོགས་ཁྱབ་ཡོད། ད་དུང་གཏམ་འཆལ་གཞན་ཞིག་ནི་ཁོང་སྙིང་ནད་ཀྱི་ན་ཚ་ཅུང་ཟད་ཕོག་ཡོད་སྐོར་བརྗོད་ཀྱི་ཡོད།
ཞི་ཅིན་ཕིང་གི་མིང་རྒྱ་ནག་གི་ micro-blogging ནང་འཚོལ་ཞིབ་བྱེད་རྒྱ་དེ་ཡང་ད་ཆ་བཀག་བསྡོམས་བྱས་ཡོད།
ཟླ་བ་རྗེས་མའི་ཕྱི་ཟླ་ ༡༠ པའི་བདུན་ཕྲག་གཉིས་པའི་ནང་འཚོག་རྒྱུའི་རེ་བ་ཡོད་པའི་ཏང་གི་ཚོགས་ཆེན་ཐོག་སྐུ་ཞབས་ཞི་ཅིན་ཕིང་གིས་སྲིད་འཛིན་ལས་ཐོག་པ་ཧོའུ་ཅིན་ཐའིུ་ལག་ནས་སྲིད་དབང་རྩིས་ལེན་བྱ་རྒྱུ་ཡིན་པ་རེད། ཡིན་ནའང༌། ཏང་གི་ཚོགས་ཆེན་གྱི་དུས་ཚོད་གཏན་འབེབས་ད་དུང་ཡང་བྱེད་ཐུབ་མེད། ཚོད་དཔག་བྱེད་པའི་གནས་ཚུལ་ཁྱབ་སྤེལ་ལྟར་ན། ཏང་གི་རྒྱུན་ལྡན་དབང་ཤུགས་ཆེ་བའི་འགོ་ཁྲིད་ཀྱི་འཐུས་མིའི་སྲིད་སྟེགས་དགུ་ནས་ཁ་ཤས་ད་ལྟ་ཡང་ཆ་བགོས་བྱེད་ཐུབ་མེད། དེ་མ་ཟད་ད་དུང་སྐུབ་སྟེགས་དགུ་ནས་བདུན་ལ་ཉུང་དུ་གཏོང་སྲིད་པའི་བསམ་ཚུལ་འདོན་མཁན་མང་པོ་ཡོད།
ལོ་འདིའི་ནང་སྐད་གྲགས་ཧ་ཅང་ཆེ་བ་སྐུ་ཞབས་པོའུ་ཞི་ལི་གནས་དབྱུང་བཏང་བ་དང༌། དེ་རྗེས་ཁོང་གི་བཟའ་ཟླ་གྷོ་ཀེ་ལེས་དབྱིན་ཇིའི་ཚོང་པ་ཞིག་ལྐོག་གསོད་བྱས་པའི་ནག་ཉེས་ཁྲིམས་སྦྱར་བྱས་རྗེས་ཀྱི་ཟླ་ངོ་དེ་དག་གི་ནང་པེ་ཅིན་ལ་གཡོ་འགུལ་ཆེན་པོ་ཞིག་རང་ཤུགས་ནས་ཐེབས་བཞིན་པ་རེད། ཚད་ཐུབ་འཕེར་བའི་གཏམ་འཆལ་འགའ་ཤས་ལ་ཆ་བཞག་ན་སྐུ་ཞབས་ཞི་ཅིན་ཕིང་ཕལ་ཆེར་བརྒལ་ནད་སྡུག་པོ་ཞིག་གིས་མནར་བཞིན་ཡོད་སྲིད་པ་རེད།
ཡིན་ནའང༌། གསང་བའི་རང་བཞིན་ཅན་གྱི་འགོ་ཁྲིད་དང་ཁོར་ཡུག་གི་ཚ་རླབས་ཤིན་ཏུ་ཆེ་བའི་པེ་ཅིན་ནི་དོན་ལ་མི་རབས་གསར་པར་འགོ་ཁྲིད་འཕོ་བསྒྱུར་འགྲོ་རྒྱུའི་ཡུན་རིང་ངང་སྒུག་བྱེད་བཞིན་པ་དེ་ད་ཆ་ཉིན་བཞིན་བརྟན་པོ་མེད་པར་འགྱུར་བ་འགྲོ་བཞིན་ཡོད་ཅེས་ཉམས་ཞིབ་པས་བརྗོད་ཀྱི་ཡོད།
གནས་ཚུལ་འདི་དེ་རིང་ཚེས་ ༡༡ ཉིན་གཤམ་གསལ་སྦི་སྦི་སིའི་དྲ་རྒྱའི་ནང་ཐོན་ཡོད་རེད།
གནས་ཚུལ་འབྲི་མཁན་དྷ་ས་ནས་འབའ་པ་ཡེ་ཤེས་ཀྱིས།