ལྕགས་ཡོས་བཙན་རྒོལ་མེ་ལྕེའི་དཔེ་དེབ།
ཟླ་འདིའི་ཚེས་༡༢ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་ཐོག བོད་ནང་གི་ལས་འགུལ་སྐོར་གྱི་དཔེ་དེབ་ལྕགས་ཡོས་བཙན་རྒོལ་མེ་ལྕེའི་དཔེ་དེབ་དབྱིན་ཡིག་ཐོག་བསྒྱུར་དེ། བཀའ་བློན་ཁྲི་པ་བློ་བཟང་སེང་གེས་དབུ་འབྱེད་གནང་སོང་།
དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་དང་། དེབ་དེའི་རྩོམ་སྒྲིག་ཁོངས་མི་མདོ་སྨད་སྤྱི་འཐུས་སྨན་པ་མཁྱེན་རབ། མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས། མདོ་སྨད་སྤྱི་འཐུས་བསོད་ནམས་རྒྱལ་མཚན། སྤྱི་འཐུས་རྒྱུན་ལས་ཁག་གཅིག་ཕེབས་ཡོད་པ་རེད།
སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་ གནང་བའི་ནང་རྒྱ་ནག་གཞུང་དང་ང་ཚོའི་དབར་ཁ་ནས་ཤོད་རེས་ཀྱི་རྩོད་གླེང་མང་པོ་ཞིག་འགྲོ་གི་ཡོད། དེའི་ནང་བདེན་པ་ང་ཚོར་ཡོད་པར་བརྟེན། ཁུངས་སྐྱེལ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་བོད་ནང་གི་ལས་འགུལ་ཁག་རྒྱལ་སྤྱིའི་སྟེང་ཡིག་ཐོག་ནས་ཁུངས་སྐྱེལ་ལ་དོ་སྣང་ཡོང་རྒྱུར་ཕན་ ཐོགས་ཡོད་སྐོར་སོགས་གསུངས་ཡོད་པ་རེད།
དཔེ་དེབ་ཀྱི་ནང་དོན་གཙོ་བོ་ནི་བོད་ལྕགས་ཡོས་ལོ་གཙོས་བོད་མི་ཚོས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་སྲིད་ཇུས་ངོ་རྒོལ་སྐོར་གྱི་གནས་ཚུལ་དང་། རྒྱལ་གཅེས་པ་འདས་སོན་རྣམས་ཀྱི་ངོ་སྤྲོད་ལོ་རྒྱུས་དང། འདྲ་པར། རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱབ་ལྗོངས་ཀྱི་གནས་སྟངས་སོགས་ཞིབ་ཕྲ་འཁོད་ པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནང་གཞུང་དང་གྲོས་ཚོགས་སོགས་ཀྱིས་བོད་མིའི་ཐོག་རྒྱབ་ སྐྱོར་གྱི་བསྒྲགས་གཏམ་དང་གྲོས་ཆོད་བཞག་པ། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆེད་རྒྱ་གར་དང་རྒྱལ་སྤྱིའི་ནང་གདུང་སེམས་མཉམ་སྐྱེའི་ལས་ འགུལ་ཇི་སྤེལ་སོགས་འཁོད་ཡོད་པ་རེད།།