སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ།

phenpa tserin_2012_9_14དེ་རིང་ཞོགས་པར་སྐབས་༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དེ་དབུ་འཛུགས་གནང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་མེད་ན། རྒྱ་ནག་རང་གི་ངོས་ནས་ང་ཚོ་ལ་ཡ་ལན་སྤྲད་ཀྱི་མ་རེད་ཅེས་སྤྱི་འཐུས་ཚོགས་གཙོས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་། སྐབས་༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དེ། དྷ་ས་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་འཚོགས་པ་དང་། ཚོགས་འདུ་དབུ་འཛུགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གཙོས། ཕྱག་རོགས་སྤྱི་འཐུས་རྣམ་པ་དང་། བཀའ་བློན་ཁྲི་པ་བློ་བཟང་སེང་གེས་གཙོས། ཕྱག་རོགས་བཀའ་བློན་རྣམ་པ་ཕེབས་འདུག་ལ། གཞན་ཡང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་ཟུར་ཉན་དུ་བཅར་ཡོད་པ་རེད།

དེ་ཡང་མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་མྱ་ངན་གུས་འདུད་ཞུས་སོང་།

img_2134དེ་ནས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། “བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ། ཚོགས་འདུའི་ཉིན་དང་པོར་དེའི་སྒང་ལ་གྲོས་མོལ་གནང་རྒྱུ་རེད། གལ་ཆེན་པོ་ཡིན་པས་ཉིན་དང་པོར་བཞག་ཡོད་རེད། མ་ཟད་ཛ་དྲག་གི་གནས་སྟངས་འདི་དང་བསྟུན་ཏེ། དམིགས་བསལ་ཚོགས་ཆེན་ཞིག་ཀྱང་འཚོག་གི་ཡོད་པ་རེད་ལ། དེ་ནང་བཞིན་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་དབུས་སྤྱི་འཐུས་རྣམ་པ་ཚང་མས། ད་ལྟའི་བར་ལས་འགུལ་རབ་དང་རིམ་པར་སྤེལ་ཡོད་རེད་ལ། ད་དུང་ཡིན་ན་ཡང་ལས་འགུལ་སྤེལ་ཕྱོགས་ཤུགས་ཆེ་རུ་གཏོིང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་རེད། གང་ཡིན་ཟེར་ན། བོད་ནང་ལ་རང་ལུས་མེར་བསྲེག་གཏོང་མཁན་འདི་འདྲ་ཞིག་བྱུང་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བོད་པར་ཤ་ཚ་ཡོད་མཁན་མང་པོ་ཞིག་ཡོད་རེད།

ཡིན་ན་ཡང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་འདི་དང་འཚམ་པའི་ཕན་ཐོགས་ཤིག་བྱུང་ཡོད་མ་རེད། དེར་བརྟེན། ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ལས་འགུལ་སྤེལ་བཞག་པ་དེ། རྒྱལ་སྤྱིའི་སྒང་ལ་དྲིལ་བསྒྲགས་ཡོང་ཐབས་བྱེད་དགོས་ཀྱི་ཡོད་རེད། རྩ་བས་ང་ཚོ་ཚང་མས་ཤེས་ཀྱི་ཡོད་རེད། བོད་མིའི་རྩ་དོན་དེ་ཐབས་ལམ་ག་འདྲ་ཞིག་གི་ཐོག་ནས་རྩོད་ཀྱི་ཡོད་ན་ཡང་། རྒྱ་གཞུང་གི་མགོ་ཁྲིད་ཚོ་དང་ལྷན་དུ་གྲོས་མོལ་གྱིས་དཀའ་རྙོག་སེལ་དགོས་ཀྱི་ཡོད་རེད། ཡིན་ན་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་ནས་དུས་སུ་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་མེད་ན། རྒྱ་ནག་རང་གི་ངོས་ནས་ང་ཚོ་ལ་ཡ་ལན་སྤྲད་ཀྱི་མེད་པ་ཤེས་ཀྱི་ཡོད་རེད་”ཅེས་གསུངས་སོང་།

t_p_2012_9_14མཐར་ཁོང་གིས་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་འཛིན་སྐྱོང་བཀའ་ཤག་གི་ལོ་གཅིག་རིང་གི་ལས་སྡོམ་སྐོར་ཡིན་སྐོར་དང་། ཉེ་ཆར་ང་ཚོའི་སྤྱི་ཚོགས་ནང་༧གོང་ས་མཆོག་ཐུགས་ཕམ་དགོས་པའི་གནས་སྟངས་བྱུང་པ་གནས་ཚུལ་ཐབས་སྐྱོ་པོ་ཡིན་སྐོར། མ་འོངས་པར་གནས་སྟངས་དེ་འདྲ་བསྐྱར་དུ་མི་ཡོང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འབད་བརྩོན་བྱེད་དགོས་སྐོར། དེ་བཞིན་རྩ་བས་གསར་འགྱུར་བརྒྱུད་ལམ་ཁག་སྤྱི་ཚོགས་ནང་གལ་ཆེན་པོ་ཡིན་སྐོར་དང་། གནས་ཚུལ་ཡོང་ཁུངས་གསར་འགྱུར་བརྒྱུད་ལམ་ཁག་ཆགས་ཡོད་པར་བརྟེན། བརྒྱུད་ལམ་ཁག་གིས་དཀྲོག་གཏམ་གྱི་རིགས་མང་ཚོགས་ནང་མི་བཀྲམ་པར། སྤྱི་ཚོགས་ཀྱི་འགན་ཁུར་ཏེ་ལས་ཀ་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང།

དེ་ནས་བོད་ནང་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་མཁན་གཙོས། དཔའ་བོ་དཔའ་མོ་རྣམས་དང་། འདི་ལོར་སྐུ་གྲོངས་པའི་བཀའ་ཟུར་ཨ་ལགས་འཇིགས་མེད་དང་། སྤྱི་ཟུར་ཉི་བཟང་བཅས་ལ་མྱ་ངན་གུས་འདུད་ཞུས་ཡོད་པ་རེད།

བོད་ནང་གི་ཛ་དྲག་གནས་བབས་སྐོར་ལ་གྲོས་བསྡུར་དགོས་པའི་གྲོས་ཆོད་བཞག་པ་དང་། ཉིན་གཅིག་རིང་དེའི་ཐོག་ལས་དོན་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་གནང་གི་ཡོད་པ་རེད།

ལོ་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གསར་རྒྱག་བྱེད་བཞིན་པ་ཡིན་སྟབས། ཐེངས་འདིའི་གྲོས་ཚོགས་དེ་བཀའ་ཤག་གསར་པའི་ཡང་སྟེང་དུ་འཚོག་གི་ཡོད་པས། ཚོགས་ཁང་དེར་ནམ་རྒྱུན་ལྟར་ནང་ཟུར་ཉན་པ་དྲུང་ཆེ་རྣམ་པ་ལས་ཟུར་ཉན་པ་སྡོད་ས་མེད་པ་རེད།།