ཁམས་འབའ་ཐང་དུ་ས་ཞིང་བཙན་འཕྲོག་དང་རྒྱ་མི་ཁྲི་༣ སྤོ་འཆར།

bawa1དེང་སྐབས་ཁམས་འབའ་ཐང་དུ་རྫོང་གྲོང་བརྡལ་ཉེ་འཁྲིས་ཀྱི་ས་ཞིང་ཚང་མ་བཙན་འཕྲོག་བཏང་ནས་རྒྱ་ནག་ནས་གནས་སྤོས་ཡོང་བའི་རྒྱ་མི་ཁྲི་༣གྱི་སྡོད་ཁང་གི་གསར་རྒྱག་བྱ་འཆར་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་བོད་ནས་འབྲེལ་ཡོད་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཁམས་འབའ་ཐང་གི་རྫོང་གི་ཉེ་འགྲམ་གྱི་ས་ཞིང་ཚང་མ་དོ་བདག་ཞིང་པ་ཚོའི་འདོད་མོས་ཡོད་མེད་ལ་མ་ལྟོས་པར། ས་ཞིང་བདག་པོ་རྒྱལ་ཁབ་ཡིན་ལུགས་དང་དོ་བདག་གིས་རང་འགུལ་ཐོག་རྫོང་སྲིད་གཞུང་ལ་ཡར་སྤྲད་ན། ས་ཞིང་གི་རིན་འབབ་དོད་གུན་གསབ་སྤྲོད་རྒྱུ་ཡིན་ཚུལ་དང་། གལ་ཏེ་རང་འགུལ་ཐོག་ཡར་མ་སྤྲད་ཚེ་གཞུང་བཞེས་གཏོང་རྒྱུ་ཡིན་པ་མ་ཟད། ས་ཞིང་རིན་པ་སྐར་གང་ཡང་ཐོབ་ཀྱི་མེད་ཚུལ་གྱི་འཇིགས་སྣང་སྐུལ་ནས་ས་ཞིང་ཚང་མ་རྫོང་སྲིད་གཞུང་གིས་བཙན་འཕྲོག་བྱས་འདུག  ཞིང་ཁ་དག་གཏོར་ནས་ཁང་བརྩེགས་ཧ་ཅང་ཆེན་པོ་མང་པོ་གསར་རྒྱག་བྱ་འཆར་ཡོད་འདུག

bawa2གསར་དུ་རྒྱག་འཆར་གྱི་ཁང་པ་དེ་དག་ནི་མི་རིང་པར་རྒྱ་ནག་ནས་རྒྱ་མི་ཁྲི་༣ འབའ་ཐང་དུ་གནས་སྤོས་བྱ་འཆར་ཡོད་པ་དེ་དག་གི་སྡོད་ཁང་སླད་ཡིན་འདུག  ཞིང་ཁ་བཙན་འཕྲོག་བྱེད་པའི་སྐོར་གྱི་གནས་ཚུལ་ཕྱི་ཕྱོགས་སུ་སྐད་ཆ་ཁྱབ་དོགས་ཀྱིས་དང་ཐོག་ཞིང་ཁ་དེ་དག་ལ་ས་བོན་བཏབ་ནས་མྱུ་གུ་སྔོ་ལྗང་ཆགས་པ་དང་བསྟུན་ནས། ས་སྟོང་དང་སྤང་ཁ་ཡིན་ཚུལ་སོགས་འགྲེལ་བརྗོད་བྱས་ཏེ་པར་བླངས་ནས་ཁང་པའི་རྨང་གཞི་བསྐྲུན་ཡོད་འདུག   ཕྱི་ཟླ་༩ ཚེས་༡༧ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འགོ་ཁྲིད་རྣམས་དང་རྫོང་ཁག་བཅོ་བརྒྱད་སོ་སོའི་འཐུས་མི་བསྡུ་སྐོང་གིས་ཁང་པ་གསར་བསྐྲུན་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་འཚོགས་འཆར་ཡོད་འདུག སྲིད་གཞུང་གིས་མི་མང་རྣམས་ངེས་པར་དུ་མཉམ་ཞུགས་དགོས་པའི་བཀའ་བཏང་ཡོད་རུང་། མི་མང་ཚོས་ད་བར་བོད་ནང་རང་ལུས་མེར་སྲེག་བཏང་པའི་དཔའ་བོ་དཔའ་མོ་ཚོར་མྱ་ངན་དང་། ས་ཞིང་བཙན་འཕྲོག་བྱས་པར་ངོ་རྒོལ་མཚོན་སླད་དུ་དགའ་སྟོན་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་མིན་སྐོར་བརྗོད་ཡོད་འདུག

ཁམས་འབའ་ཐང་ཁུལ་གྱི་ཡུལ་མིའི་འཚོ་བསྟེན་གཙོ་བོ་ཞིང་ཁ་ཡིན་པས་ས་ཞིང་དེ་དག་གཞུང་བཞེས་བཏང་རྗེས། མ་འོངས་པའི་འཚོ་བསྟེན་དམིགས་སྒོ་གང་ཡང་མེད་པ་ཆགས་ཡོད་འདུག་ལ། རྫོང་སྲིད་གཞུང་གི་འཆར་གཞི་ནང་ཞིང་ཁ་གྲངས་༡༠༠༠ དང་གཞུང་བཞེས་གཏོང་འཆར་ཡོད་པ་ལས། ད་ཆར་ཞིང་ཁ་གྲངས་༨༠༠ ལྷག་དངོས་སུ་གཞུང་བཞེས་བཏང་ཚར་ཡོད་འདུག ས་ཞིང་༡༠༠༠ ནི་རོབ་རྩིས་བྱས་ན་ས་ཁྱོན་མུའུ་༢༠༠༠ ཡིན་འདུག་པ་དང་། ས་གནས་ཞིང་བདག་ཚོས་ས་ཞིང་བཙན་འཕྲོག་བྱས་པའི་གནས་ཚུལ་དེ་ཕྱིར་སྡོད་བཙན་བྱོལ་གཞུང་དང་འཛམ་གླིང་གི་སྲིད་གཞུང་ཁག་ལ་ཞུས་ནས་རོགས་རམ་གནང་སྐྱོང་ཡོང་བའི་རེ་བ་དང་འབོད་སྐུལ་ཞུ་རོགས་ཞེས་བོད་ནས་འབྲེལ་ཞིག་གིས་སྐད་འཕྲིན་གྱི་བརྒྱུད་ནས་འགྲེལ་བརྗོད་བྱས་སོང་།།