གྲོས་ཚོགས་ཛ་དྲག་མ་དངུལ་བསྡུ་དགོས་མིན་སྐོར་ལ་བགྲོ་གླེང་།

mp1_2012_9_17དེ་རིང་ཞོགས་པར་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་ཚོགས་དུས་གསུམ་པའི་ཐོག་བཞག་པའི་གཞུང་འབྲེལ་གྲོས་འཆར། བཙན་བྱོལ་བོད་མའི་ཛ་དྲག་མ་དངུལ་བསྡུ་ལེན་དང་། བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞེས་པའི་ཐོག་བགྲོ་གླེང་བྱས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༤ པའི་ཉིན་གསུམ་པའི་སྟེང་། བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་ཚོགས་དུས་གསུམ་པའི་ཐོག་བཞག་པའི་གཞུང་འབྲེལ་སྤྱི་མོས་གྲོས་ཆོད། བཙན་བྱོལ་བོད་མའི་ཛ་དྲག་མ་དངུལ་བསྡུ་ལེན་དང་། བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞེས་པ་དེ་ཚོགས་ཆུང་དེའི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་སྒྲོགས་སྦྱང་བྱས་མཐར། ཛ་དྲག་མ་དངུལ་བསྡུ་དགོས་ཀྱི་ཡོད་མེད་ཀྱི་སྐོར་ལ་བགྲོ་གླེང་བྱས་སོང་།

mp_2012_9_17ཛ་དྲག་མ་དངུལ་བསྡུ་ཕྱོགས་ཐོག་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་གསུང་དོན། “ཛ་དྲག་མ་དངུལ་ཚོགས་ཆུང་གི་ཚོགས་མི་བཀའ་ཤག་ཏུ་བཅར་བའི་སྐབས་སུ། རྒྱ་གར་གཙོས་པའི་གྲོས་ཚོགས་གཞན་པ་ཚོར་ཛ་དྲག་མ་དངུལ་ཟེར་ན་ཡང་འདྲ། དངུལ་གྲོས་ཚོགས་ཀྱིས་ཉར་ཡོད་པའི་ལམ་ལུགས་དེ་འདྲ་འདུག་གམ་ཞེས་དྲིས་དུས། ཁོ་རང་ཚོས་ཤེས་གསལ་ལྟར་མི་འདུག་ཅེས་གསུངས་སོང་། དེ་འདྲ་ཡིན་ན། གྲོས་ཚོགས་དང་འཛིན་སྐྱོང་ཞེས་མང་གཙོའི་ཀ་བ་གསུམ་གྱི་དབྱེ་བ་ཕྱེས་བ་དེ། གཅིག་གིས་ཁྲིམས་བཟོ། གཅིག་གིས་དངུལ་ཉར་ཏེ། དངུལ་འགྲོ་སོང་གཏོང་མཁན་དེ་འཛིན་སྐྱོང་དང་། དེ་ལ་སྟངས་འཛིན་མཁན་དེ་ཁྲིམས་བཟོ་ལྷན་ཁང་རེད། ཡིན་ན་ཡང་། ད་ལོར་ཛ་དྲག་མ་དངུལ་བསྡུ་མཁན་ཡང་ཁྲིམས་བཟོ་ལྷན་ཚོགས་རེད་ལ། འགྲོ་སོང་གཏོང་མཁན་ཡང་ཁྲིམས་བཟོ་ལྷན་ཚོགས་རེད། དེ་བཞིན་ཉར་མཁན་དེ་ཡང་ཁྲིམས་བཟོ་ལྷན་ཚོགས་རེད། མ་འོངས་པར་དངུལ་སྟངས་འཛིན་བྱེད་མཁན་དེ་ཡང་ཁྲིམས་བཟོ་ལྷན་ཚོགས་ཆགས་པ་ཡིན་ན། མང་གཙོ་ཀ་བ་གསུམ་གྱི་གཞི་རྩའི་ལས་དོན་བྱེད་ཕྱོགས་ལ་དོ་ཕོག་འགྲོ་གཞི་ཡོད་ངེས་རེད་”ཅེས་གསུངས་སོང་།

སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་“ཛ་དྲག་མ་དངུལ་བསྡུ་སྟངས་དེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ངོས་ནས་ཧིན་སྒོར་འབུམ་༣ གནང་དགོས་ཞེས་ལབ་ཡོད་རེད། དེ་འདྲ་དགོས་ཀྱི་ཡོད་ཀྱི་མ་རེད་བསམ་གྱི་ཡོད། ཐེངས་གཅིག་གི་མ་དངུལ་ཞལ་འདེབས་གནང་པ་དེ་སྒྲིག་གཞིའི་ནང་ལ་བཞག་པ་ཡིན་ན། སྒྲིག་གཞི་དེ་མུ་མཐུད་དུ་གནས་ཀྱི་ཡོད་རེད། དེར་བརྟེན། ཛ་དྲག་གི་མ་དངུལ་དེ་མི་མང་ནང་ནས་བསྡུས་ན་བསམ་གྱི་ཡོད་”ཅེས་ཛ་དྲག་མ་དངུལ་བསྡུ་བར་རྒྱབ་སྐྱོར་ཡོད་སྐོར་བརྗོད་སོང་།

སྤྱི་འཐུས་འཇིགས་མེད་འབྱུང་གནས་ཀྱིས། སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་བཟོ་ཕྱོགས་དང་། འགྲོ་སོང་གཏོང་ཕྱོགས་ཚང་མ་བྱས་པ་ཡིན་ན་དཀའ་ངལ་འཕྲད་ཀྱི་ཡིན་སྐོར་དང་འབྲེལ་བརྗོད་དོན། “རྩ་བས་ད་ལྟའི་བར་ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ཡང་དངུལ་གྱི་མ་འདང་བའི་དཀའ་ངལ་མེད་ཅེས་ང་ཚོས་གསུང་གི་ཡོད་རེད། དེར་བརྟེན། ལས་འགུལ་ག་དུས་སྤེལ་བ་ཡིན་ན་ཡང་དངུལ་གཏོང་ཆོག་ཆོག་ཡོད་ན། ཚོགས་ཆུང་འདི་ཟུར་དུ་བཙུགས་དགོས་དོན་མི་འདུག བཀའ་ཤག་གི་ངོས་ནས་ཚོགས་ཆུང་འདི་ཟུར་བཙུགས་གནང་དགོས་མིན་གྱི་ཐད་ལ་བཀའ་གསལ་པོ་ཞིག་གནང་རོགས་”ཞེས་བརྗོད་སོང་།

སྤྱི་འཐུས་རྒྱ་རི་བུ་ཕྲུག་གིས་ཛ་དྲག་གི་མ་དངུལ་གལ་ཆེན་པོ་ཡིན་སྐོར་དང་་། དེ་བསྡུ་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་སོང་།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས། ཛ་དྲག་གི་ལས་འགུལ་ག་འདྲ་སྤེལ་བ་ཡིན་ན་ཡང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འགྲོ་སོང་གནང་གི་ཡོད་སྐོར་དང་། བཀའ་ཤག་གི་ངོས་ནས་འགྲོ་སོང་གི་དངུལ་ཚང་མ་གཏོང་བཞིན་དུ། ཁྱེད་རང་ཚོ་ལས་གཞན་ཞིག་ང་ཚོས་འཇོན་མདོག་གི་རྣམ་པ་འདི་དགོས་ཀྱི་མེད་སྐོར་དང་། གལ་ཏེ་བསྡུས་པ་ཡིན་ན་ཡང་བོད་མི་ཚང་མར་སྒོར་བརྒྱ་རེ་བསྡུས་ན་ཏག་ཏག་བསྡད་མེད་སྐོར་སོགས་བརྗོད་སོང་།

སྤྱི་འཐུས་བསོད་ནམས་རྒྱལ་མཚན་གྱིས། རྩ་བས་ཚོགས་ཆུང་འདི་ཟུར་བཙུགས་བྱས་ཏེ་ཛ་དྲག་མ་དངུལ་བསྡུ་དགོས་སྐོར་དང་། དངུལ་དེ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉར་མི་དགོས་ཚུལ། དངུལ་བསྡུ་སྟངས་དེ་ཡང་བོད་མི་རེར་སྒོར་བརྒྱ་རེ་བསྡུས་ན་མི་འགྲིག་ཚུལ་སོགས་བརྗོད་སོང་།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་ད་ལྟའི་བར་ཛ་དྲག་གི་ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ཡང་། དངུལ་གྱི་མ་འདང་བའི་དཀའ་ངལ་འཕྲད་མེད་སྐོར་སོགས་བརྗོད་དེ་ཛ་དྲག་མ་དངུལ་བསྡུས་ན་ཕན་ཐོགས་མེད་སྐོར་བརྗོད་སོང་།

སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས། སྤྱི་འཐུས་པདྨ་འབྱུང་གནས། སྤྱི་འཐུས་ཀ་ཟི་དགེ་བཤེས་ཚེ་རིང་པོ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་སོགས་ཀྱིས་ད་ལྟའི་བར་ཛ་དྲག་གི་ལས་འགུལ་སྤེལ་བར་དངུལ་གྱི་མ་འདང་བའི་དཀང་ངལ་བྱུང་མེད་པས། ཛ་དྲག་གི་མ་དངུལ་བསྡུས་པ་ཡིན་ན་མ་འོངས་པར་ཕན་ཐོགས་པ་ལས་དཀའ་ངལ་འཕྲད་སྲིད་སྐོེར་སོགས་བརྗོད་སོང་།

དེ་རིང་ཛ་དྲག་མ་དངུལ་བསྡུ་རྒྱུ་གྲོས་ཚོགས་ནང་བཏན་འབེབས་བྱེད་ཐུབ་མེད་པ་དང་། སང་ཉིན་མུ་མཐུད་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

ཛ་དྲག་མ་དངུལ་བསྡུ་མཁན་གྱི་ཚོགས་ཆུང་དེ་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་ཚོགས་དུས་གསུམ་པའི་ཐོག་བཙུགས་པ་ཞིག་རེད་འདུག་ལ། ཚོགས་ཆུང་དེའི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཆོས་འཕེལ་དང་། ཚོགས་དྲུང་། སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས། ཚོགས་མི་སྤྱི་འཐུས་འབབ་པ་སྐལ་བཟང་རྒྱལ་མཚན་བཅས་ཡིན་པ་རེད།