ཉེ་ཆར་ཐེམ་ཆེན་རྫོང་བོང་སྟག་དགོན་པའི་དགེ་འདུན་པ་༩ དང་། མི་སྐྱ་གཅིག་བཅས་ལ་ཁུལ་དེའི་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་ལོ་གཅིག་ནས་བཅུའི་བར་གྱི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་ད་ལོའི་ཕྱི་ཟླ་༢ པའི་ཚེས་༡༧ ཉིན་མདོ་སྨད་ཐེམ་ཆེན་རྫོང་བོང་སྟག་དགོན་པའི་གྲྭ་དམ་ཆོས་བཟང་པོས། རྒྱ་གཞུང་གི་བོད་ཐོག་བཟུང་བའི་མ་རུང་བའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་པ་དང་། གནས་ཚུལ་དེ་བྱུང་རྗེས་ཐེམ་ཆེན་རྫོང་ས་གནས་ཉེན་རྟོག་པས་བོང་སྟག་དགོན་པའི་དགེ་འདུན་པ་༢༠ ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་ཟད། དགོན་པའང་དུས་ཡུན་ཟླ་གཅིག་ལྷག་རིང་བཙན་དབང་གིས་སྒོ་བརྒྱབས་ཡོད་འདུག
རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་དགེ་འདུན་པ་ཁག་ཅིག་ཉེ་ཆར་གློད་གྲོལ་བྱས་ཡོད་འདུག་ཀྱང་། དགོན་པ་དེའི་དགེ་འདུན་པ་༩ དང་མི་སྐྱ་གཅིག་བཅས་ལ་དུས་བཀག་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ།་དལྟའི་ཆར་བོང་སྟག་དགོན་པར་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་ཐབས་ལམ་འདྲ་མིན་གྱི་སྒོ་ནས་དམ་དྲགས་བྱེད་བཞིན་ཡོད་པས། ཁུལ་དེའི་བོད་རིགས་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།
རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་ཁྲིམས་ཐག་བཅད་པའི་བོད་མི་དེ་དག་གི་མིང་དང་ལོ་ཚིགས་གཤམ་དུ་བཀོད་ཡོད།
རང་ལོ་༢༣ ཡིན་པའི་གྲྭ་འཇམ་དབྱངས་འོད་ཟེར་ལ་ལོ་༣ དང་། རང་ལོ་༤༢ ཡིན་པའི་གྲྭ་སྐལ་བཟང་བྱང་སེམས་ལ་ལོ་༨། རང་ལོ་༥༡ ཡིན་པའི་གྲྭ་མཁས་གྲུབ་རྒྱ་མཚོར་ལོ ༡༠། རང་ལོ་ ༤༡ ཡིན་པའི་གྲྭ་སངས་རྒྱས་རྒྱ་མཚོར་༩། རང་ལོ་ ༤༦ ཡིན་པའི་གྲྭ་དཀོན་མཆོག་རྒྱ་མཚོར་ལོ་ ༡ དང་ཟླ་༩། རང་ལོ་ ༤༠ ཡིན་པའི་གྲྭ་དམ་ཆོས་ཚུལ་ཁྲིམས་ལ་ལོ་༢ དང་ཟླ་ ༦། རང་ལོ་༣༧ ཡིན་པའི་གྲྭ་སྐལ་བཟང་གྲགས་པར་ལོ་༡། རང་ལོ་༣༡ ཡིན་པའི་གྲྭ་ཤེས་རབ་རྒྱ་མཚོར་ལོ་༡ ཟླ་ ༦། རང་ལོ་༢༩ ཡིན་པའི་གྲྭ་དར་རྒྱས་རྒྱ་མཚོར་༢། རང་ལོ་༤༠ ཡས་མས་ཡིན་པའི་མི་སྐྱ་དམ་ཆོས་ལ་ལོ་༢ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག