ལོ་རྒྱུས་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་།
སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ།
ང་ཚོས་རང་བཙན་གླེང་ཚེ་ངེས་པར་དུ་ལོ་རྒྱུས་ནས་གླེང་དགོས། ལོ་རྒྱུས་ནང་བོད་དེ་ཇི་ལྟར་ཡིན་མིན་ནི་ལོ་རྒྱུས་རང་དུ་ཇི་ལྟར་གསལ་བ་དེ་ཁོ་ན་ལས་ད་ལྟའི་མངོན་འདོད་ཀྱིས་ལོ་རྒྱུས་ཀྱི་ཚབ་བྱེད་མི་ཐུབ།
འདས་པའི་གནས་བབས་ནི་ལོ་རྒྱུས་ཀྱི་ཕྱོགས་ཡོངས་ཀྱི་གནད་དོན་ཆ་ཚང་ཚད་ལྡན་ནམ་ཡང་ན་གང་ཐུབ་ཀྱིས་ཚད་ལྡན་གཞི་ལ་བཞག་ནས་གཏན་འཁེལ་བྱ་རྒྱུ་ཕྱོགས་ཀུན་ལ་རན་ཤོས་ཡིན། གལ་ཆེ་བ་ནི་ང་ཚོའི་ད་ལྟའི་ལངས་ཕྱོགས་ལོ་རྒྱུས་ཙམ་ནས་གཏན་འབེབས་བྱ་མི་རུང་བར་གཙོ་བོར་ད་ལྟའི་གནས་བབས་རང་ནས་གཏན་འཁེལ་བྱ་དགོས་པ་དེ་ཡིན། མི་རྣམས་ཀྱི་མངོན་འདོད་ལ་མཐའ་མེད་པས་རང་བཙན་དགོས་མིན་དྲི་མི་དགོས། འོན་ཏང་བསམ་དགོས་པ་ནི། ང་ཚོའི་ད་ལྟའི་གནས་བབས་འདིས་རང་བཙན་འཐབ་རྩོད་ང་ཚོ་དང་རན་པ་ཨེ་ཡིན་ཞེས་འདྲི་བ་འདི་ཡིན། འདིར་རང་གི་དགའ་ཕྱོགས་དང་། སེམས་ཚོར་ཙམ་གྱིས་ལན་འདེབས་མི་རུང་བས་རྒྱལ་སྤྱི་དང་། རྒྱ་ནག བོད་བཅས་ཁྱོན་ཡོངས་ཀྱི་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་དེ་གས་ང་ཚོར་སྤྲད་པའི་གདམ་ཀ་དེ་ཁོ་ན་ལས་ལན་གཞན་མེད།
གསལ་པོར་སྨྲོས་ན་ཐའི་ཝོན་གྱི་གནད་དོན་དེས་ཡོད་ཚད་གསལ་བཤད་བྱས་ཚར་ཡོད། དམག་དོན་སོགས་ཀྱི་ཆ་རྐྱེན་ཚད་མཐོ་ཡོད་པའི་ཐའི་ཝོན་ནས་རང་བཙན་འཐབ་རྩོད་མི་མཚམས་པར་མཐོང་ན་དེ་དག་གང་ཡང་མེད་པའི་ང་ཚོས་རང་བཙན་རྩོད་དགོས་པར་སྨྲ་བ་དེ་བས་འོས་མཚམས་ཤིག་ཡིན་ནམ།ཨ་རིས་ཐའི་ཝོན་རང་བཙན་བླངས་ནས་མ་སྤྲད་པར་ང་ཚོར་དེ་བས་སྤྲད་མི་སྲིད། ཅི་སྟེ་རང་བཙན་རྩོད་ན། རང་བཙན་གྱི་ཁུངས་ལུས་འདང་ངེས་དང་དེ་ཡང་ཁྲིམས་ཀྱིས་གཞུང་བསྲངས་ཏེ་རྒྱལ་སྤྱིའི་ལྡིང་ཆར་གསལ་པོར་ཇི་ལྟར་བཟོའམ། རྒྱ་དམག་ཕྱིར་འབུད་ཇི་ལྟར་བྱའམ། རང་བཙན་འཐབ་རྩོད་ལ་སྦྱོར་དངོས་རྗེས་གསུམ་གྱི་འཆར་གཞི་འདེང་རྒྱུ་གང་ཡོད་དམ། འདི་དག་ལ་ཡིད་ཚིམ་པའི་ལན་གང་ཡང་མེད་པར་༼ལྟ་གིན་ལྟ་གིན་བྱེད་ཆོག་གིན་རེད་༽ཟེར་བ་ནི་བོད་མི་རིགས་ཀྱི་མདུན་ལམ་ཡོད་ཚད་མུན་ནག་མདའ་འཕེན་བྱས་པས་སུ་ཞིག་གིས་འགན་བཟོད། ལོ་རྒྱུས་ལ་གཞི་བཅོལ་ནའང་བོད་ཀྱི་ལོ་རྒྱུས་ལ། དོན་ཚན་བཅུ་བདུན་བཞག་སྟེ་༸རྒྱལ་བ་ཡབ་སྲས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ལ་བཅར་བའི་བར་མཚམས་གཅིག་དང་། དེ་ནས་འབྲི་ཆུ་ཡན་ཆད་མན་ཆད། དགའ་ལྡན་ཕོ་བྲང་། གཙང་ཕག་ས་གསུམ། ཁ་ཐོར་སྐབས། ཆོས་རྒྱལ་ཚོའི་སྐབས་ཏེ་ལོ་རྒྱུས་ཀྱི་དུམ་བུ་གང་ཞིག་ང་ཚོའི་གཞི་འཛིན་སར་བྱ་དགོས་སམ། སྔ་ཕྱི་གང་གཙོའམ།
རིག་གཞུང་ནི་རང་བཙན་ལས་ལྷག་པ་ཡིན།
རང་བཙན་ནི་རང་ས་རུ་རང་ཉིད་གང་ཅིར་དབང་ཤུགས་ཆེ་ཤོས་སུ་ཡོད་པ་དེ་ཡིན། དམིགས་ཡུལ་ཀྱང་དབང་ཤུགས་དེ་ཉིད་རྒྱུན་སྐྱོང་དང་རྒྱ་བསྐྱེད་བྱ་རྒྱུ་ཙམ་རེད། རང་བཙན་རིང་ལུགས་ཀུན་གྱི་གཞི་རྩ་དབང་ཤུགས་ཙམ་ཡིན་པས་མཐའ་གཅིག་ཏུ་ལེགས་པ་དང་། གཏན་འཁེལ་བ་ཞིག་གང་ཡང་མིན། རང་བཙན་གྱི་ས་ཁོངས་དག་གསལ་པོར་བཟོ་ཐབས་མེད་པའམ་དབང་ཤུགས་ལ་རྒྱུ་མཚན་མི་དགོས་པར་ཆེ་ཆུང་ཙམ་གཙོ་བོར་གྱུར་པས་རེད། དེས་ན་དབང་ཤུགས་ཡོད་ན་ནམ་ཡང་རང་བཙན་དང་མེད་ནམ་ཡང་གང་ཐུབ་ཅི་ཐུབ་རེད། ཨེ་ཤེ་ཡའི་མི་རབས་ཕྱི་མ་རྣམས་ཀྱིས་དགོས་མཁོ་དང་བསྟུན་ནས་ཨེ་ཤེ་ཡ་ཁྱོན་ཡོངས་གཅིག་སྒྲིལ་དང་ཁ་ཐོར་གང་དུའང་བྱེད་སྲིད་ལ་བྱེད་ཀྱང་ཆོག རྒྱ་བོད་གཉིས་ཀྱང་དེ་ལྟར་ལས་མ་འདས། དགོས་མཁོ་དང་ནུས་པ་ལ་མི་ལྟ་བར་གཅིག་ཏུ་རང་བཙན་གླེང་དགོས་པའང་ལྐུགས་རྟགས་ཚ་བས་རེད། མ་མཐར་ཡང་བོད་རང་བཙན་ནི་ལོ་རྒྱུས་ཡིན་པ་ལས་ད་ལྟར་མ་ཡིན་ལ། མ་འོངས་པར་ནི་གང་ཐུབ་པ་དང་འོས་པ་དེ་ཡིན། མ་གཞི་ནས་ཁ་ཞེ་གཉིས་མེད་ཀྱི་ནང་པ་ཞིག་ཡིན་ན་གཞན་ཕན་ཨང་དང་པོ་ཡིན་པས་ང་ཚོའི་མི་རིགས་སྲུང་སྐྱོབ་ཀྱི་ཆ་རྐྱེན་དང་། དགོས་ངེས་ཀྱི་ཐོབ་ཐང་། ཀྲུང་ཧྭ་ཡི་ཁྱིམ་ཚང་ནང་བདེ་སྐྱིད་ཆེ་ཤོས་བཅས་བྱུང་ཚེ་རང་བཙན་ལས་མི་ལྷག་གམ། དོན་དུའང་རང་བཙན་ནི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་ཡིན་དགོས་པ་ལས་མི་རིགས་དང་སྐད་ཡིག་རང་བཙན་གྱི་ཆེད་དུ་ཡིན་ག་ལ་རིགས། རྒྱུ་མཚན་ནི་སྐད་ཡིག་དང་རིག་གཞུང་མི་རིགས་ཤི་གསོན་གྱི་རྩ་བ་ཡིན་པས་རེད། མི་རིགས་ཤིག་ཡལ་ཟིན་པའི་འོག་ཏུ་རང་བཙན་ནི་མིང་ཙམ་ཡིན་པས་ང་ཚོ་མིང་ཙམ་གྱི་ཕྱིར་ཤི་རིན་ཡོད་དམ།
ཉིན་གཅིག་ཀྱང་རྒྱང་ཐབས་མེད་པ།
ལྷ་སར་མི་འབོར་ཁྲི་ ༢༧ ལས་བོད་མི་སུམ་ཆ་གཅིག་ཙམ་དང་། ཟི་ལིང་མཁར་མི་འབོར་༢༢༠༠༠༠༠ ལས་བོད་རིགས་ ༡༢༡༦༠༠ ཡོད། མུ་ལི་བོད་རིགས་རང་སྐྱོང་རྫོང་དུ་མི་གྲངས་ཁྲི་ ༡༢ ལས་བོད་མི་ ༣༩༠༢༥ ཡིན། དེ་བཞིན་བདེ་ཆེན་དང་མཚོ་བྱང་བོད་རིགས་ཁུལ་སོགས་སུ་བརྒྱ་ཆའི་བདུན་ཅུ་བརྒྱད་ཅུ་མི་རིགས་གཞན་ཡིན་པ་འདི་དག་གིས་བོད་རང་ས་ན་རང་ཉིད་ཆེས་གྲངས་ཉུང་ཅན་དུ་གྲོང་ཁྱེར་ཁག་ནས་ཆགས་ཟིན་པ་ནས་རིམ་གྱིས་རྫོང་དང་གྲོང་གསེབ་ཁག་ཏུ་ཁ་ཕྱོགས་པར་བསྟན་ཡོད། རྫོང་རིམ་པ་ཡན་དང་གྲོང་ཁྱེར་ཁག་ཏུ་ཉིན་རེའི་འཚོ་བའི་ཁྲོད་རྒྱ་སྐད་མཁོ་གལ་ཆེ་ཤོས་སུ་གྱུར་ཏེ་རང་སར་རང་གི་སྐད་ཡིག་གནས་རིམ་གཉིས་པར་ལྷུང་བ་དང་བོད་སྐད་མི་དགོས་པའི་ས་ཁོངས་ཇི་ཆེར་འགྲོ་བར་མ་ཟད། སྐད་ཡིག་སྲུང་སྐྱོབ་ཀྱི་ཁྲིམས་དང་ལག་ལེན་མ་འདང་བ། སློབ་གྲྭར་རྒྱ་ཡིག་གཙོ་བོར་བཀོལ་དགོས་པ། ཤུགས་རྐྱེན་གཞན་གྱིས་སྐད་ཡིག་ལ་དོ་ཕོག་སོགས་རིག་གཞུང་དང་། ནང་ཆོས། གོམས་གཤིས། ཁོར་ཡུག་བཅས་པ་རྒྱ་མཚོ་ནང་ཆུ་ཐིགས་དང་རླུང་འཚུབ་ནང་མར་མེ་ལྟར་ཧ་ཅང་མྱུར་བའི་སྒོ་ནས་ཡལ་བར་ཕྱོགས་པ་འདི་དག་ཉིན་གཅིག་ཀྱང་རྒྱང་ཐབས་ཡོད་དམ། སུ་ཞིག་གིས་རང་གི་མི་རིགས་འདི་ལྟར་མངོན་མེད་ངང་ཡལ་འགྲོ་བ་མཐོང་འདོད་མེད།
ང་ཚོར་གདམ་ཀ་ཅི་ཞིག་ཡོད།
ང་ཚོས་གཉིས་ཕན་གྱི་ལངས་ཕྱོགས་འཛིན་པ་ནས་གཞི་རྩའི་ཆ་ནས་གཞིས་བྱེས་གཉེན་འཕྲད་ཆད་མ་མྱོང་བ་དང་། རྒྱ་བོད་འབྲེལ་མོལ་ཡང་ཡང་བྱུང་བ། རྒྱ་གཞུང་ནས་རང་བཙན་མ་རྩོད་ཕྱིན་གྲོལ་མོལ་གྱི་སྒོ་མོ་ནམ་ཡང་ཕྱེས་ཕྱེས་པ་ཡིན་པར་བསྟན་པ། བོད་དོན་རྒྱབ་སྐྱོར་བ་རྒྱ་ནག་རང་ནས་རྩོམ་པ་པོ་སོགས་ཁྲི་སྟོང་མང་པོ་ཡོང་བཞིན་པ། ཕྱི་ཕྱོགས་སུ་༸གོང་ས་མཆོག་ཕེབས་བཞུགས་ལ་ཚད་བཀག་མེད་པ་སོགས་ནི་དབུ་ལམ་ལས་ཤུགས་འབྱུང་དུ་ཐོན་པའི་ཞར་བྱུང་གི་གལ་ཆེའི་གྲུབ་འབྲས་ཡིན། གྲུབ་འབྲས་འདི་དག་ལས་བོད་ནང་དུ་ལ་རྒྱའི་མེ་རོ་གསོ་ཐུབ་པ་དང་། བོད་ཕྱི་ལ་རྒྱལ་སྤྱིར་བོད་ཇི་ལྟར་ཡིན་པ་དང་བོད་ཀྱི་རིག་གཞུང་འོད་སྟོང་འབར་བ་ཞིག་ཡིན་པར་ར་སྤྲོད་ཐུབ་ཡོད། ཚིག་གཅིག་གིས་ཞུས་ན་ད་དུང་བོད་ཤི་མེད་པ་འདི་གྲུབ་འབྲས་འདི་དག་དང་ཁ་བྲལ་ཐབས་མེད། ཅི་སྟེ་ལངས་ཕྱོགས་རང་བཙན་ཡིན་ཚེ་དེ་དག་ཡོང་མི་ཐུབ་ལ་༸གོང་ས་མཆོག་རྒྱལ་སྤྱིར་ད་ལྟར་བཞིན་ཡིན་མི་ཐུབ། བོད་དོན་ཐག་གཅོད་གྲོལ་མོལ་གྱི་ལམ་ནས་བྱེད་ན་གཉིས་ཕན་གྱི་ལམ་ལས་འགྲོ་ས་གཞན་མེད་ཅིང་། གྲོལ་མོལ་ནས་མི་བྱེད་ན་སྟོབས་ཤུགས་ལ་བརྟེན་དགོས་པས་ང་ཚོས་རང་གི་གནས་བབ་ངོས་འཛིན་ཐུབ་དགོས།འཆི་ལ་ཉེ་བའི་མི་གཅིག་ལ་མཚོན་ན་རང་ཉིད་འཆི་ལམ་ནས་སྐྱོབ་རྒྱུ་དང་པོ་ཡིན་པ་ལས་བག་མ་བསུ་ལེན་སོགས་གླེང་བ་འོས་མཚམས་གཏན་ནས་མིན། དབུ་མའི་ལམ་ནི་གོང་ཚད་མར་བཅག་པ་མིན་པར་འཐབ་རྩོད་ཀྱི་ངོ་བོ་དེ་བས་གཏིང་ཇི་ཟབ་ཏུ་ཕྱིན་པ་དང་། བོད་གཞུང་གི་མིང་ཚིག་ཕྱིར་བསྡུ་བྱས་པ་དེས་ཀྱང་གཞིས་བྱེས་ཀྱི་ཕུགས་རེ་བྱ་ཡུལ་གངས་སྐྱིད་ཀྱི་གཞུང་དེ་ཇི་ཙམ་གནས་དགོས་ཀྱང་གནས་ཐུབ་པའི་ཆེས་སྲ་བརྟན་དུ་བཏང་ཡོད། ལམ་དབུ་མ་ནི་རྒྱལ་སྤྱི་དང་། རྒྱ་ནག་གི་ཤེས་ཡོན་ཅན། བོད་མི་མང་བཅས་ནས་རྒྱབ་སྐྱོར་མཐོ་ཤོས་ཡོད་བཞིན་པར་མ་ཟད་། རྒྱལ་སྤྱི་རྒྱ་ནག་བོད་བཅས་ཀྱི་ད་ལྟའི་གནས་བབ་དང་། ཆབ་སྲིད་ལ་བྱང་ཆུབ་པའི་མཁས་དབང་ཁག་གི་བསམ་འཆར། ༸གོང་ས་མཆོག་རང་ཉིད་གྱི་རྣམ་དཔྱོད། ཡུན་རིང་གི་ཉམས་མྱོང་བཅས་ནས་གཏན་ལ་ཕབ་པ་ཡིན་པས་ང་ཚོས་དད་པ་ཡོད་པ་རྒྱུ་མཚན་དུ་མ་བྱས་པར་ཕྱོགས་གང་ནས་དཔྱད་ཀྱང་གཉིས་ཕན་གྱི་ལམ་ལས་རན་པ་ཞིག་བོད་ལ་ཡོད་སྲིད་དམ།
༸གོང་ས་མཆོག་གི་མཛད་པར་ཕྱིས་ལྟས་སློག་པ།
ང་ཚོས་༸གོང་ས་མཆོག་གི་སྐུ་ཚེ་བརྒྱུད་རིམ་ལ་ཕྱིས་ལྟས་སློག་སྐབས། ལེགས་བཅོས་སྤྱི་ཚོགས་དང་། གྱོད་ཞིབ་ལས་ཁུངས། སྤྱི་འཐུས་ལྷན་ཚོགས། རྩ་ཁྲིམས་འཆར་ཟིན། སུམ་ཆ་གཉིས་ནས་༸སྐུ་དབང་བཅོས་སྒྱུར་ཆོག་པ་ནན་བཀོད་མཛད་པ། བོད་ཀྱི་ཐག་གཅོད་མི་མང་གིས་བྱེད་དགོས་པ། ཏཱ་ལའི་བླ་མའི་ལམ་སྲོལ་མུ་མཐུད་ཡོང་དགོས་ངེས་མིན་པ། གཞེས་བྱེས་གཉེན་འཕྲད། བོད་རྒྱ་འབྲེལ་མོལ། ཐད་བསྐོས་བཀའ་བློན་མེད་པར་བཟོས་ཏེ་སྤྱི་འཐུས་ནས་འོས་འཕེན་གྱིས་བསྐོ་བཅུག་པ། བཀའ་ཁྲི་མི་མང་གིས་གདམས་བཅུག་པ། ཕྱེད་བགྲེལ་ཡོལ་དུ་ཕེབས་པ།བོད་གཞུང་དགའ་ལྡན་ཕོ་བྲང་ཕྱིར་བསྡུ། བགྲེས་ཡོལ་ཆ་ཚང་དུ་ཕེབས་པ་བཅས་ཀྱི་ལོ་དུས་བརྒྱུད་རིམ་ལ་མཇལ་ཚེ་ངོ་མཚར་ཆེ་བའི་འཆར་སྣང་ཞིག་ངང་གིས་མི་ཡོང་ངམ། མཁས་པའི་རྣམ་དཔྱོད་ཀྱི་ངོས་ནས་ང་ཚོས་སྡོམ་ཚིག་འདི་འདྲ་ཞིག་འགོད་ཆོག་ཏེ། ལོ་ངོ་དྲུག་བརྒྱའི་ཡར་སྔོན་དུ་གངས་ལྗོངས་མདོ་སྨད་ཡུལ་དུ་རྩོད་བྲལ་གྱི་མཁས་དབང་ཞིག་བྱོན་པ་ནི་རྒྱལ་བ་ཙོང་ཁ་པ་ཡིན་ལ། སླར་ལོ་ངོ་དྲུག་བརྒྱའི་རྗེས་སུ་རྩོད་བྲལ་གྱི་མཁས་དབང་ཞིག་བྱོན་པ་ནི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཡིན་པ་སྤྱི་མོས་སུ་སྨྲ་ཆོག ང་ཚོས་རིག་པ་དྭངས་གསལ་གྱིས་སུ་ཞིག་གིས་བོད་འཆི་ལམ་ནས་སྐྱབས་པ་དང་། སུ་ཞིག་གིས་བོད་ལ་སླར་གསོའི་རེ་བ་སྤྲད་པ། སུ་ཞིག་གིས་ད་ལྟའི་ཆོལ་གསུམ་གཅིག་སྒྲིལ་འདི་བསྐུལ་འདེད་བཏང་བ། སུ་ཞིག་ལ་ཆོལ་གསུལ་གཅིག་སྒྲིལ་གྱི་ནུས་པ་ལྡན་པར་བློ་ནང་དུ་བཀུག་ནས་བསམ་དགོས་ཏེ། གཅིག་སྒྲིལ་ནི་ང་ཚོའི་ཡོད་ཚད་ཀྱི་ཆེས་མེད་མི་རུང་གི་རྨང་གཞི་དེ་ཡིན་པས་སོ། །
མེར་བསྲེགས་ཀྱི་འབོད་སྒྲ།
རང་ལུས་མེར་སྲེག་ནི་བོད་དོན་འཐབ་རྩོད་ཀྱི་ཚབ་མཚོན་ཡིན་ལ། དྲང་བདེན་གྱི་མཚོན་རྟགས་ཀྱང་ཡིན། བོད་དོན་འཐབ་རྩོད་གཏིང་ཟབ་མོར་ཇི་ཙམ་ཟུག་ཡོད་པའི་གསལ་བཤད་ཀྱང་ཡིན། གཡུལ་ས་མདུན་མར་སྐུ་ལས་ཆེ་ཤོས་བསྐྱོན་མཁན་གྱིས་རང་ཉིད་གྲོངས་ཁར་མེ་ལྕེའི་ཀློང་དུ་བསྒྲགས་པའི་འབོད་སྒྲ་དེས་འབོད་སྒྲ་ཚང་མའི་ནང་གནས་བབ་མཐོ་ཤོས་དེ་བཟུང་ཡོད། མེ་ལྕེའི་ཀློང་དུ་བསྒྲགས་པ་ནི་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་པ་འདི་རེད། འདིས་རང་དབང་དང་༸གོང་ས་མཆོག་གདན་ཞུའི་རེ་བ་དེ་བོད་མིའི་སེམས་ནང་གལ་ཆེ་ཆུང་ཇི་ཙམ་ཡིན་པ་གསལ་པོར་སྟོན་ཡོད། མདོར་ན་སྲོག་གི་འགྲོ་སོང་གཏང་སྟེ་གདན་འདྲེན་གྱི་རེ་འབོད་གནང་བ་རེད། ༸གོང་ས་མཆོག་གི་དམིགས་ཡུལ་གཉིས་ཕན་དང་། ཐབས་ལམ་ཞི་བ་ཡིན་པ་དཔེ་མཚོན་མང་པོ་མི་དགོས་པར་ཨ་རིས་གསེར་གྱི་རྟགས་མ་འབུལ་སྐབས་ཀྲུང་དབྱང་ལ་བོད་ཀྱི་བདག་དབང་ཚད་ལྡན་ཡོང་རྒྱུར་༸གོང་ས་མཆོག་སྐུ་སྒེར་གྱི་ནུས་པ་གང་ཡོད་འདོན་རྒྱུ་འཛམ་གླིང་ཀུན་ཏུ་བསྒྲགས་པ་དེ་ལས་ལྷག་ཅི་ཞིག་དགོས། རླབས་ཆེན་གྱི་སྐྱེས་བུ་ཞིག་གིས་ཁ་བཤད་ལག་ཏུ་མི་ལེན་པ་དེ་བས་མི་སྲིད་པས་ཀྲུང་དབྱང་གིས་༸གོང་ས་མཆོག་གདན་ཞུ་ལ་འདི་ལྟར་སྐྲག་དགོས་པ་ཅི་ཡིན་ནམ། ཅི་སྟེ་༸གོང་ས་མཆོག་ཕྱིར་ལོག་ཚེ་རྒྱ་གཞུང་ནས་མི་མང་གི་ཁ་ཕྱོགས་ལ་ཚོད་དཔག་མི་ཐུབ་པ་བདེན་ན་མི་མང་གི་ཁ་ཕྱོགས་ལ་ཚོད་འཛིན་ཐུབ་མཁན་དེར་ནུས་པ་འདོན་མི་བཅུག་པ་ཅི་ཡིན་ནམ། ༸གོང་ས་མཆོག་ཕྱི་ཡུལ་དུ་བཞུགས་ན་ངོ་རྒོལ་གྱི་ལས་འགུལ་ལ་དེ་བས་ཚོད་འཛིན་ཐུབ་བམ། ཀྲུང་དབྱང་ལ་བོད་མའི་ཁ་ཞེ་གཉིས་མེད་དགོས་ན་སུ་ཞིག་གིས་བོད་མིའི་སེམས་པ་ཀྲུང་དབྱང་དང་ཉེ་པོ་བྱེད་ཐུབ་པ་དེ་ཉིད་ལ་མི་བརྟེན་པ་གང་ཡིན་ནམ། ཀྲུང་དབྱང་གིས་བོད་མི་སེམས་པ་རང་ཉིད་རྩར་ཡོད་པར་ཞེན་ན་དེ་ནི་འོག་རིམ་གྱིས་ཕུལ་བའི་ཤོག་གུའི་སྟེང་གི་བོད་དེ་ལས་དོན་དམ་གྱི་བོད་དེ་མིན་པ་མགྲིན་པ་བསལ་ནས་སྨྲ་ནུས་པས་བོད་ཐོག་འཛིན་པའི་ལྟ་ཚུལ་ལ་བསྐྱར་ཞིབ་ངེས་པར་དགོས།ཀྲུང་དབྱང་གི་དབུ་འཁྲིད་ཚོས་སྤྱི་ཚོགས་བརྟན་བསླིང་། དཔལ་འབྱོར་ཡར་རྒྱས།་སྟོབས་ཤུགས་ཆེར་བསྐྱེད་སོགས་གཞི་ལ་བཞག་ནས་མི་སྣ་དང་དཔལ་འབྱོར་བེད་སྤྱོད། སྐབས་བསྟུན་འཁྲབ་སྟོན། ཞན་ཆ་ནས་འཐབ་པ་སོགས་ལ་རྒྱུ་མཚན་རེ་ལོས་ཡོད་དེ་ད་དུང་སྣང་མེད་དུ་བཞག་ཐབས་མེད་པ་ནི། འདྲ་མཉམ། མང་གཙོ། དྲང་བདེན། ཁྲིམས་ལུགས། བཟང་སྤྱོད། ཆོས་ལུགས། མིའི་གཞི་རྩ་ཐོབ་ཐང་བཅས་ཡིན། རྒྱ་ནག་གི་འགྱུར་འགྲོས་ཅི་འདྲ་ཞིག་ཀྱང་ཟང་ཟིང་ངང་འབྱུང་རྒྱུར་ཚད་ལྡན་གྱི་མི་སུ་ཞིག་གིས་ཀྱང་མཐོང་འདོད་མེད་པས་རང་ཉིད་ཀྱིས་བཙུགས་པ་རང་ཉིད་ཀྱིས་ཕྱིར་འཐེན་བྱས་པའི་ཐབས་ལམ་ལས་གཞན་མེད་པར་འདོད། མི་མང་ནི་ནམ་ཡང་སྟོབས་ཤུགས་ཆེ་ཤོས་དེ་ཡིན་པས་སུ་ཞིག་གིས་མི་མང་ལ་བསྟུན་མི་ཤེས་ན་མཐར་དེ་ཉིད་ཕམ་ངེས་ཡིན་པས་ཏང་ཀྲུང་དབྱང་ཡང་མི་མང་གི་འབོད་སྒྲའི་འོག་ཐར་མི་སྲིད། བོད་ལ་ལྷག་བསམ་རྣམ་དག་ཡིན་ཚེ་བོད་མི་རིགས་གསོན་པོར་གནས་པའི་དགོས་ངེས་ཀྱི་ཆ་རྐྱེན་ཁག་ལ་དེ་བས་གཅེས་སྤྲས་བྱེད་ངེས་པས་མི་རིགས་ཀྱི་གནད་དོན་ཇི་ལྟར་ལྷག་འོས། བོད་ཀྱི་བདག་དབང་ལ་དངོས་ཐོག་ནས་ཀྲུང་དབྱང་ལ་གདེང་སྤོབས་ཡོད་ན་དབང་སྒྱུར་དྲང་བདེན་ཡིན་པ་དངོས་ཐོག་ནས་བོད་མི་སེམས་ནང་ར་སྤྲོད་མི་ཐུབ་པ་མི་སྲིད།
དྲང་བདེན་དུ་ནམ་མཐོང་བ་ན་ད་གཟོད་ཀྲུང་དབྱང་ལ་དོན་དམ་གྱི་རྒྱལ་ཁ་ཐོབ་པ་ལས་གཞན་དུ་བོད་མིར་ཡིད་ཆེས་སླེབས་མི་སྲིད། བོད་མིའི་སེམས་ཁམས་ཆོས་ལུགས་ཀྱིས་དབང་སྒྱུར་བྱས་ཡོད་པས་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་མ་བྱུང་བར་བོད་དོན་ཐག་གཅོད་མི་ཐུབ་པའང་མིག་སྔའི་གནད་དོན་ཡིན། ཀྲུང་གོའི་ད་ལྟའི་གནས་བབ་ཏང་གི་སྣེ་འཁྲིད་རིང་བྱུང་བ་དངོས་དོན་ཡིན་ཀྱང་བོད་དབང་སྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་ཕྱིན་རུང་བོད་ཡུལ་ཧྲིལ་པོ་དྲག་ཤུགས་ཀྱིས་ཚོད་འཛིན་བྱེད་དགོས་པ་འདིས་ཀྲུང་དབྱང་གིས་བོད་ཐོག་འཛིན་པའི་སྲིས་ཇུས་རན་པོ་བྱུང་མེད་པ་དངོས་ཡོད་ནས་ཁ་གྲགས་པ་ཡིན། བོད་དུ་ངོ་རྒོལ་རེ་བྱུང་ཚེ་༸གོང་ས་མཆོག་ལ་མཚན་སྨྲས་ཞུས་པ་ནི་རྒྱ་གཞུང་འུ་ཐུག་པ་དང་བྱེད་ཐབས་གཞན་མེད་པའི་སྡིག་པ་མིག་བཙུམས་ཀྱི་ཆབ་སྲིད་ཀྱི་བྱ་ཐབས་སྐྱུག་བྲོ་བ་ཞིག་དང་བོད་མིའི་དད་སེམས་ལ་ཡོངས་སུ་བརྩི་མེད་བཏང་བ་ཡིན་པས་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་སྲིད། རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་ཞེས་པ་ལྟར་ཡིན་པས་ཀྲུང་དབྱང་གི་བོད་དོན་ཐད་བོད་རང་ལ་འོས་ཤོས་ཀྱི་ལངས་ཕྱོགས་ཤིག་འཛིན་རྒྱུ་ཀྲུང་དབྱང་རང་ཉིད་ཀྱི་ཁེ་ཕན་དུ་མཐོང་ངོ་།།
རྒྱལ་བའི་བཀའ་སློབ་རྟག་ཏུ་ཞུས་པ་དང་། །
བོད་སྐད་རླུང་འཕྲིན་ཡང་ཡང་ཉན་པ་ཡིས། །
རང་གི་བློ་ཡིས་དཔགས་པའི་དཔྱད་པ་འདི། །
རང་རིགས་སྲི་ཞུར་བསམ་སྟེ་བྲིས་པ་ལགས། །
ཕྱོགས་བཞིར་གྱེས་པའི་ཡིད་བཅུགས་གྲོགས་པོ་ཚོས། །
ཡང་སྟེང་སྤྲུལ་སྐུས་ཆབ་སྲིད་མ་བྱེད་ཅེས། །
ཤ་ཞེན་ཆེ་བའི་བཀའ་བཀྱོན་མི་མཛད་ཞུ། །
ཞར་ཞོར་ཙམ་དུ་བསམ་སྟེ་བྲིས་པ་ལགས། །