རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་ཆེན།

ཟླ་འདིའི་ཚེས་༢༡ ཉིན་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཆེན་དེ་དྷ་སའི་ཉེ་འགྲམ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཚོགས་ཡོད་པ་དང་། ཉིན་གསུམ་རིང་འཚག་གི་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༩ ཚེས་༢༡ ཉིན་ པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་བཞི་པའི་ཚོགས་ཆེན་དེ་དྷ་ས་ཉེ་འགྲམ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཚོགས་པ་ད་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེ་ཕེབས་ཡོད་པ་རེད།

ཐོག་མར་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་།  བོད་མི་རིགས་བསྟན་སྲིད་ཆེད་སྐུ་སྲོག་བློས་བཏང་གནང་བ་རྣམས་དང་། ཁྲིམས་ཆད་མནར་གཅོད་མྱོང་བཞིན་པའི་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་མྱ་ངན་གུས་འདུད་ཞུས་སོང་།

མཐུན་ཚོགས་ཀྱི་ཕྱི་འབྲེལ་དྲུང་ཆེ་བུད་དྷ་སྐྱབས་ཀྱིས་ཚོགས་ཆེན་ངོ་སྤྲོད་དང་འབྲེལ་པེན་གྱི་སྐོར་ངོ་སྤྲོད་གཏམ་བཤད་དང་།  དྲུང་ཆེ་གངས་སྲས་ཀྱིས་ལོ་གསུམ་གྱི་ལས་སྡོམ་སྙན་སྒྲོན་ཞུས་སོང་།

རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གཏམ་བཤད་གནང་དོན ། དེང་སང་གི་ཚོགས་སྡེ་ཁག་གི་ཁ་ལོ་བ་ཕལ་ཆེ་བ་གཞོན་སྐྱེས་ཤེས་ཡོན་ཅན་ཚོ་ཆགས་ཀྱིན་ཡོད་ལ། ཁོ་ཚོའི་ལྟ་སྤྱོད་ཀྱི་ཆ་ནས་ཤུགས་རྐྱེན་ཡང་མི་ཆུང་བ་རེ་ཐོན་གྱི་ཡོད། ལྷག་པར་དུ་སློབ་མ་མང་པོ་ཞིག་བོད་ཀྱི་རིག་གཞུང་གི་གཞི་རྩའི་ཤེས་ཡོན་གྱི་རྨང་གཞི་མེད་པའི་ཐོག་ལ་རྒྱལ་སྤྱི་དང་རྒྱ་ནག  བོད་བཅས་ཀྱི་གནས་བབས་མི་ཤེས་པ་དང་། གནད་དོན་འདིའི་ཆ་ནས་བསམ་ན་སློབ་མ་རྣམས་སྲིད་དོན་པའི་ལྟ་སྤྱོད་ཀྱི་རྗེས་སུ་འཇུག་པར་ཚོད་འཛིན་བྱེད་འོས་པ་ཞིག་རེད་ཅེས་སོགས་གསུང་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་དོན། རྩོམ་ཟེར་བ་དེ་ནུས་པ་ཆེ་ཤོས་རེད། སྔོན་མ་རྒྱ་ནག་གུང་ཁྲན་ཏང་ཡར་ལངས་ཡོང་དུས་་མོའོ་ཡིས་འགོ་ཁྲིད་པའི་སྐབས་ལ་མཚམས་རེ་ལ་གླུ་རེ་དང་ཚིག་རེ་དེ་ཚོས་མི་མང་ལ་ངར་ཤུགས་སྐྱེ་བཅུག་པའི་གནས་ཚུལ་ཡོད་རེད། ཚིག་དེ་ནུས་པ་ཆེན་པོ་ཞེ་དྲག་རེད། ཚིག་དེ་ནུས་པ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད་ལོ་ནས་ལོ་མི་ཐོག་ནས་མི་ཐོག་བར་སྡོད་ཀྱི་ཡོད་རེད། ཆབ་སྲིད་ཀྱི་ལས་ཀ་དང་ཆབ་སྲིད་ཀྱི་ལས་དོན་ཡིན་ན་སྐབས་སྐབས་ལ་འགྱུར་འགྲོ་ཡི་ཡོད་རེད། རྩོམ་པ་པོའི་བརྩམས་བཞག་པ་དེ་མི་ཐོག་ནས་མི་ཐོག་བར་སྡོད་ཀྱི་ཡོད་རེད། དེ་ཡིན་དུས་རྩོམ་པ་རྣམ་པ་མི་མང་གི་ནང་དུ་ནུས་པ་ཆེ་པོ་ཞེ་དྲག་ཡོད་རེད། ནུས་པ་དེ་ཚོ་བེད་སྤྱོད་ལེགས་པའི་ཕྱོགས་ལ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། དེ་ནས་རྩོམ་གསར་རྙིང་གཉིས་བར་ལ་བར་སྟོང་ཆེན་པོ་ཞིག་ལྷག་བཞིན་པ་ངས་མཐོང་གི་འདུག དེ་ཁྱེད་རྣམ་པས་དགོངས་པ་བཞེས་དགོས་འདུག དཔེར་ན་ཆགས་བཞག་ན། གནའ་སྔ་མོ་ལྔ་ཅུ་ང་དགུའི་གོང་གི་ཆོས་ཕྱོགས་གི་ཡིན་ན་རེད། ཆབ་སྲིད་ཀྱི་ཡིན་ན་རེད། དེང་དུས་གི་རྩོམ་གཅིག་ཀྱི་བར་ལ་བར་སྟོང་འདྲ་བོ་ལྷག་ནས།  སྔ་མོ་གི་བསམ་བློ་མ་གཏོགས་མེད་སྡད་མཁན་ང་ཚོ་འདྲ་བོས་ཀློག་དགོས་ན་མཚམས་རེ་ཀློག་མ་ཤེས་པ་འདྲ་བོ་་་མཚམས་རེ་གོ་བ་མ་ལོན་པ་འདྲ་བོ་ཡོང་གི་འདུག དེ་འདྲ་ཡོང་གི་འདུག དེ་བཞིན་དེང་དུས་ཀྱི་རྩོམ་པ་པོ་ཞིག་གི་གནའ་སྔ་མོའི་རྩོམ་རྙིང་དེ་ཚོ་ཀློག་དགོས་བྱུང་ན། ཡང་གོ་དོན་ཇི་བཞིན་མ་རྟོགས་པ་དང་གོ་བ་ལེན་མ་ཐུབ་པ་དེ་འདྲའི་བར་སྟོང་ཆེན་པོ་ཞིག་སླེབས་པའི་རྣམ་པ་ཞིག་འདུག དེ་ཡིན་ང་ཚོ་གསར་པ་གསར་རྐྱང་རྐྱང་པའི་རྗེས་ལ་རྒྱུག་རྒྱུ་དེ་ཕན་ཐོགས་ཞེ་དྲག་ཡོད་དང་མེད།  གསར་རྙིང་གཉིས་མཐུད་ཀྱི་ཤེས་ཡོན། རྙིང་པ་དེ་ཡི་རྒྱུན་མ་ཉམས་པ་དང་། གསར་པའི་ཐོག་ལ་འགྲོ་བ་གཉིས་ཀ་དགོས་པ་དེ་གལ་ཆེ་པོ་མིན་འགྲོ། རྩོམ་དེ་གསར་རྐྱང་ཆགས་ན་ཏོག་ཙམ་དཀའ་ངལ་ཆགས་ཀྱི་མིན་འགྲོ།

དཔེར་ན་རྒྱ་མིའི་སྐད་ཡིག་གསར་རྙིང་གཉིས་ཆགས་སྡད་ཡོད་དུས། དེང་དུས་ཀྱི་རྒྱ་མི་དེ་ཚོས་གནའ་སྔ་མོའི་ཡིག་གེ་ཀློག་མ་ཤེས་པ་དང་། ཐེ་ཝན་ལ་ཆ་བཞག་ན་གནའ་སྔ་མོའི་བཀའ་འགྱུར་དང་བསྟན་འགྱུར་དེ་ཚོ་སུ་གང་གི་ཀློག་ཤེས་ཀྱི་མི་འདུག  སྐད་ཡིག་གསར་པ་ཞིག་ནས་ཚུར་སྒྱུར་གྱི་ཡོད་པ་ནང་བཞིན་བྱས་ནས་སྒྱུར་དགོས་ཀྱི་འདུག་དེ་ནང་བཞིན་བོད་པའི་རིག་གཞུང་དེ་དེ་འདྲ་མ་ཆགས་པ་ཞིག་ཤུགས་སྣོན་རྒྱག་དགོས་པ་རེད་ཅེས་དང་།

ཡང་ཁོང་གིས་མུ་མཐུད་གསུང་དོན། ང་ཚོ་ཚང་མས་རྒྱ་མིའི་སྲིད་ཇུས་དེ། ཕུགས། རྒྱང་རིང་གསུམ་གྱི་སྲིད་བྱུས་དེ་ག་འདྲ་ཡིན་མིན་དེ་ཤེས་དགོས་པ་གལ་ཆེན་པོ་རེད་འདུག  ངས་དཔེ་འདྲ་བོ་ཞིག་ཞུས་ན། གྲངས་ཉུང་མི་རིགས་ལ་ཐོབ་ཐང་སྤྲད་ཡོད་ཟེར་གྱི་ཡོད་རེད། སློབ་གྲྭ་བ་ཡིན་ན་སློབ་སྦྱང་བྱས་ནས་འཛིན་གྲྭ་ཡར་འགྲོ་བའི་སྐབས་ལ། བརྒྱ་ཆ་༦༠ ལས་མ་ལོན་ན་འགྲིག་གི་ཡོད་ཅེས་གྲངས་ཉུང་མི་རིགས་ལ་ཐོབ་ཐང་སྤྲད་ཡོད་རེད། བསམ་བློ་མི་བཏང་མཁན་ཞིག་གི་ལྟས་ན་དེ་དངོས་གནས་གྲངས་ཉུང་མི་རིགས་ལ་ཐོབ་སྤྲད་ཡོད་པ་མིན་འགྲོ། ཐོབ་ཐང་སྤྲད་པ་མིན་འགྲོ་བསམ་པ་འདྲ་བོ་བསམ་པ། རྒྱ་མི་རིགས་ལ་བརྒྱ་ཆ་༨༠ མ་ལོན་ན་ཡར་འགྲོ་མི་ཐུབ་དུས། བོད་མི་རིགས་ལ་བརྒྱ་ཆ༦༠ ལོན་དུས་ཡར་འགྲོ་ཐུབ་པ། དངོས་གནས་ང་ཚོར་ཁེ་བཟང་སྤྲད་པ་མིན་འགྲོ་བསམ་པ་ཡོང་གི་རེད།

དངོས་གནས་བྱས་ན་རྒྱ་མི་རིགས་ཨང་ཀི་དང་པོར་འགྲོ་བ་དང། བོད་མི་རིགས་དེ་ཨང་རིམ་གཉིས་པར་ལྷུང་རྒྱུའི་སྲིད་བྱུས་ངན་པ་ཞིག་གཏིང་ཡོད་རེད། དཔེར་ན་ཆགས་བཞག་ན་སློབ་གྲྭ་ནས་ཡར་འཛུལ་བའི་སྐབས་ལ། བརྒྱ་ཆ་༦༠་དྲུག་ཅུ་ཙམ་ལས་མ་ལོན་པའི་བོད་ཕྲུག་དེ་ཚོས་རྒྱ་མི་རིགས་བརྒྱ་ཆ་༨༠ ཙམ་ལོན་སྡད་པ་དེ་ཚོའི་ཁ་གཏད་ཆོག་གི་མ་རེད། དེ་ནང་བཞིན་སློབ་གྲྭ་ཐོན་པའི་སྐབས་ལ་མཐོ་དམན་ཅིག་ཤོར་གྱི་ཡོད་རེད། རྗེས་མ་ལས་ཀ་བཙལ་བའི་སྐབས་ལ་ཁོ་རང་གཉིས་མཐོ་དམན་ཤོར་སྡད་ཡོད་རེད། རྗེས་མ་དབང་ཆ་སྤྲད་པའི་སྐབས་ལ་མཐོ་དམན་ཤོར་སྡད་ཀྱི་ཡོད་རེད། བོད་མི་རིགས་ཡར་འགྲོ་མི་ཐུབ་པའི་འགག་སྒོ་བཞག་པ་ནང་བཞིན་ཆགས་སྡད་ཡོད་རེད། དེ་འདྲའི་སྲིད་བྱུས་གནག་པོ་ཅིག་གི་སྒང་ལ་ང་ཚོ་གཏོང་གི་ཡོད་རེད། དེ་དང་དེ་འདྲ་བོ་ང་ཚོ་བོད་པའི་ཐོག་ལ་འཛིན་པའི་སྲིད་བྱུས་ཚང་མར་ནང་ལ་ལྷད་ཡོད་པ་མ་གཏོགས་ལྷག་བསམ་རྣམ་དག་བྱས་བཞག་པ་སྣེ་གཅིག་ཡོད་པ་མ་རེད་ཅེས་སོགས་བཀའ་སློབ་ཟབ་རྒྱས་གནང་སོང་།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་བཞི་པའི་ཚོགས་ཆེན་འཚོགས་པ་དང་ལྷན། བོད་དོན་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་ཉིན་གསུམ་རིང་གནང་རྒྱུ་དང་། ཉིན་ཐ་མར་གྲོས་ཆོད་ཁག་གཏན་འབེབ་དང་རྒྱུན་ལས་གསར་འདེམས་གནང་རྒྱུ་ཡིན་པ་རེད།།