གཞོན་ལྷན་གྱི་ཟས་བཅད་པ་ཚོ་སྨན་ཁང་དུ་བཙན་ཁྲིད།
ཟླ་འདིའི་ཚེས་༢༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསུམ་གྱིས་ཟས་བཅད་ངོ་རྒོལ་བྱས་ཏེ། ཉིན་༢༠ འགྲོ་བཞིན་པའི་སྐབས། སྨན་པས་ཟས་བཅད་པའི་གཟུགས་པོའི་གནས་སྟངས་སྐྱོ་པོ་ཆགས་ཡོད་པས། ཉེན་ཁ་ཡོད་སྐོར་བརྗོད་དེ་ཉེན་རྟོག་པས་སྨན་ཁང་དུ་བཙན་ཁྲིད་བྱས་ཡོད་འདུག
ཟླ་འདིའི་ཚེས་༢༢ ཉིན་ཁ་པར་བརྒྱུད་གཞོན་ལྷན་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་སུ་བཅར་འདྲི་བྱས་པར། སྨན་པ་དང་ཉེན་རྟོག་པས་ཟས་བཅད་པའི་གཟུགས་པོ་སྐྱོ་པོ་ཆགས་ཡོད་པས། མཚམས་འཇོག་དགོས་སྐོར་བརྗོད་སྐབས། ཟས་བཅད་པ་ཚོས་སྔོན་མའི་དམ་བཅའ་ལྟར་མུ་མཐུད་སྡོད་རྒྱུ་ཡིན་ཞེས་ཨུ་ཚུགས་མཐའ་སྐྱེལ་བྱས་ཀྱང་། ཉེན་རྟོག་པ་ལྔ་བཅུ་དྲུག་ཅུ་ཙམ་ཡོང་ནས། བཙན་ཁྲིད་བྱས་སོང་། སྨན་ཁང་དུ་ཡང་མུ་མཐུད་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་སྨན་ཟ་རྒྱུ་དང་ཁབ་རྒྱག་མ་བཅུག་ནའང་། མཐར་བཙན་གྱིས་ཁབ་བརྒྱབ་སོང་བས། གཞོན་ལྷན་གྱི་ངོས་ནས་ཐེངས་འདིའི་ལས་འགུལ་གནས་སྐབས་མཚམས་འཇོག་དགོས་བྱུང་སོང་ཞེས་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོང་གིས་ལས་འགུལ་དེའི་རིང་མཉམ་སྦྲེལ་རྒྱལ་ཚོགས་དང་། ཡུ་རོབ་གྲོས་ཚོགས། རྒྱལ་ཁབ་མང་པོའི་གཞུང་ཚབ་སོགས་ལ་བོད་དོན་རྒྱབ་སྐྱོར་དགོས་ཡོང་བའི་འབོད་སྐུལ་ཞུ་རྒྱུའི་གོ་སྐབས་བྱུང་སོང་། མ་འོངས་པར་ཡང་གཞོན་ལྷན་གྱིས་ལས་འགུལ་འདྲ་མིན་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
http://www.tibetexpress.net/bo/home/2010-02-04-05-35-27/9284-2012-09-21-10-31-36