ས་བྱི་ཁྲག་བྲིས་དམར་པོ་ཅེས་པའི་དཔེ་དེབ་སྒོ་འབྱེད།

tashi_delek1ཟླ་འདིའི་ཚེས་ ༢༤ ཉིན་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་<<ས་བྱི་ཁྲག་བྲིས་དམར་པོ།>>ཞེས་པའི་དཔེ་དེབ་ཞིག་སྒོ་འབྱེད་བྱས་ཡོད་པ་དང། དེབ་དེའི་རྩོམ་པ་པོ་བོད་ཁམས་ཕྱོགས་ནས་ཡིན་པ་དང་། རྒྱ་ནག་གཞུང་གིས་འཛིན་བྱུང་བྱས་ཏེ།

ད་ལྟ་ཁྲིམས་ཐག་གཅོད་རྒྱུ་ཡིན་པས། ངོ་སྤྲོད་གསལ་པོ་བྱས་མེད་པ་རེད།

དཔེ་དེབ་དེ་ནི་བོད་ནང་གི་རྩོམ་པ་པོ་གངས་མིང་པ་ལགས་ཀྱིས་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྩོམ་པ་པོ་རང་ཉིད་ཀྱིས་དངོས་སུ་མཐོང་ཐོས་བྱུང་བའི་གནས་ཚུལ་སྟེ། བོད་མིས་ཞི་རྒོལ་ཇི་ལྟར་བྱས་པ་དང་། རྒྱ་ནག་གིས་དེ་ལ་དྲག་གནོན་ག་འདྲ་བྱས་པ། བོད་མིའི་རེ་བ་དང་འབོད་སྒྲ་གང་ཞིག་བསྒྲགས་ཡོད་པ། རྒྱ་ནག་གིས་འཁྱོད་བཤད་དང་རྫུན་སྒྲིག་གཏམ་བཤད་ག་རེ་བཤད་ཡོད་པ་དང་།

tashi_delek1

རྩོམ་པ་པོ་རང་ཉིད་ཀྱིས་བོད་མི་རྩ་དོན་དང་། རྩ་དོན་འཐབ་རྩོད་ཐད་ལྟ་ཚུལ་གང་ཡོད་པ་དང་། ༸སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་དབུས་བོད་མིའི་སྒྲིག་འཛུགས་ལ་རེ་བ་དང་ཡིད་ཆེས་ག་འདྲ་ཡོད་པ། རྒྱ་ནག་གི་སྲིད་ཇུས་ལ་ལྟ་ཚུལ་གང་ཡོད་པ་བཅས་ཀྱི་དགོངས་ཚུལ། གཞན་ཡང་རྩོམ་པ་པོས་༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྐབས་སུ་ཁོང་གིས་ཉིན་རེ་བཞིན་ཚོགས་ཆེན་གྱི་གནས་ཚུལ་ལ་ལྟ་ཉན་བྱས་པའི་ཉིན་ཐོ་དང་། ཚོགས་ཆེན་ལ་ཁོ་རང་གི་རེ་བ་དང་བསམ་ཚུལ་གང་ཡོད་པ་སོགས་ཀྱང་བྲིས་འདུག   རྩོམ་ཡིག་དེ་རྩོམ་པ་པོས་ཡུལ་དུས་གནས་བབ་ཀྱི་དབང་གིས་བོད་ནས་པར་སྐྲུན་འགྲེམ་སྤེལ་བྱེད་ཐབས་མ་བྱུང་བ་དང་། རྒྱ་གར་ནས་ངེས་པར་དུ་འགྲེམ་སྤེལ་དགོས་པའི་རེ་སྐུལ་ལྟར་བཀྲ་ཤིས་བདེ་ལེགས་དང་འཇིགས་བྲན་བསྟན་འཛིན་གཉིས་ཀྱིས་བོད་མིའི་ཚེ་སྲོག་གིས་གླེང་བའི་རྩ་དོན་སྒྲུབ་ཕྱོགས་ཟེར་བའི་དེབ་ཕྲེང་གཉིས་པའི་ངོ་བོར་དཔར་སྐྲུན་འགྲེམས་སྤེལ་བྱས་པ་ཞིག་རེད་འདུག

གཞན་ཡང་དེབ་དེའི་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་ནས་འདི་ལོའི་ཕྱི་ཟླ་ ༨ པའི་བར་བོད་ནང་མི་མང་གི་ཞི་རྒོལ་བྱུང་བའི་སྐབས་ཀྱི་འབོད་སྒྲ་གང་བྱུང་བ་ཁག་དང་། ད་ལྟའི་བར་དུ་བོད་རང་དབང་སླར་གསོའི་ཆེད་དུ་རང་ལུས་མེར་རུ་སྤར་མཁན་དག་གིས་འབོད་སྒྲ་དང་ཞལ་ཆེམས་གང་བྱུང་བ་ཁག་བཅས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་དང་། བོད་མི་མང་སྤྱི་འཐུས་ཀྱི་དྲྭ་རྒྱ། བོད་ཀྱི་བང་ཆེན་དང་དུས་བབ་དྲྭ་རྒྱ་བཅས་ནས་ཕྱོགས་བསྡུས་བྱས་པ་ཞིག་ཀྱང་བཀོད་ཡོད་འདུག

tashi_delekདཔེ་དེབ་འགྲེམ་སྤེལ་བཀྲ་ཤིས་བདེ་ལེགས་ཀྱིས་གསར་འགོད་པར་ “དཔེ་དེབ་དེ་ནི་གཞིས་བཞུགས་སྤུན་ཟླ་རྩོམ་པ་པོ་དང་ཤེས་ཡོན་པ་དག་གི་སྙིང་སྟོབས་དང་རེ་བ། ལྷག་བསམ་དང་ལ་རྒྱ་བཅས་གསལ་པོ་མཚོན་འདུག་པས་ང་ཚོས་རྩོམ་ཡིག་འདི་རྩོམ་པ་པོ་ཁོང་གི་མགྲིན་ཚབ་པའི་ངོ་བོའི་ཐོག་ནས་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་འགྲེམ་སྤེལ་བྱས་པ་ཡིན་ལ། འདིས་ནི་གཞིས་བཞུགས་སྤུན་ཟླ་རྩོམ་པ་པོ་དང་ཤེས་ཡོན་པ་དང་ལྷག་བསམ་ཅན། ལ་རྒྱ་ཅན་གྱི་དཔའ་བོ་དཔའ་མོ་ཁོང་རྣམས་ལ་ཡི་རང་དང་། བསྔགས་བརྗོད། གདུང་སེམས་མཉམ་བསྐྱེད་བཅས་ཀྱང་མཚོན་ཐུབ་པར་བསམ་གྱི་ཡོད།  འདི་ནི་གཙོ་བོ་ད་ཐེངས་ཀྱི་དམིགས་བསལ་ཚོགས་ཆེན་འདི་བོད་ནང་ཛ་དྲག་གནང་སྟངས་དང་འབྲེལ་བ་ཆགས་ཡོད་སྟབས་བོད་ནང་གི་བོད་མིའི་མངོན་འདོད་དང་། རེ་བ། དམིགས་ཡུལ་བཅས་གང་ཡིན་པ་གསལ་པོ་ཤེས་རྟོགས་དང་དྲན་གསོ་ཡོང་བར་དམིགས་པ་ཞིག་ཡིན་ལ། འབོད་སྒྲ་འདི་དག་གིས་ད་ཐེངས་ཀྱི་ཚོགས་ཆེན་འདིའི་ཐོག་གཞིས་ལུས་མི་མང་གི་མགྲིན་ཚབ་པ་བྱེད་ཐུབ་པའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། གནས་ཚུལ་འདི་དག་ད་ཐེངས་དཔེ་དེབ་འགྲེམ་སྤེལ་བ་གཉིས་ཀྱི་ངོས་ནས་དཔེ་དེབ་འགྲེམ་སྤེལ་བྱེད་དགོས་པའི་དམིགས་ཡུལ་དང་རེ་བ་ངོ་མ་དེ་ཡང་ཡིན་པ་བཅས་ཞུ་འདོད་བྱུང་།” བརྗོད་སོང་བ་དང་།

བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་ “ང་ཚོས་ཕྱི་དྲིལ་ལས་ཁང་གིས་གཞུང་འབྲེལ་ཀྱི་ངོས་ནས་བོད་ནང་གི་རྩོམ་ཡིག་སོགས་གལ་ཆེན་དུ་བརྩི་བཞིན་ཡོད་ལ། དེ་རིང་དཔེ་དེབ་གལ་ཆེན་འདིའི་སྒོ་མཇེད་ལ་བཅར་ཐུབ་པར་དགའ་པོ་བྱུང་། ” ཅེས་བརྗོད་ཡོད་པ་རེད།