ཚོགས་ཆེན་ཐོག་ཚོགས་ཆུང་སོ་སོའི་སྙན་ཐོ་སྒྲོགས་སྦྱང་།

ཕྱི་ཚེས་༢༧ ཉིན་སྟེ་དམིགས་བསལ་ཚོགས་ཆེན་གྱི་ཉིན་གསུམ་པའི་ཞོགས་པར། ཚོགས་བཅར་བ་ཚང་མ་ཚོགས་ཁང་དུ་མཛོམས་ཏེ་ཚོགས་ཆུང་སོ་སོའི་རྒྱབ་གཉེར་གྱི་སྙན་ཐོ་སྒྲོགས་སྦྱང་བྱས་མཐར་དེ་དག་གི་ཐོག་ཚང་མས་བགྲོ་གླེང་བྱས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་སྟེ་དམིགས་བསལ་ཚོགས་ཆེན་གྱི་ཉིན་གསུམ་པའི་ཞོགས་པའི་ཆུ་ཚོད་༡༡ ཐོག ཚོགས་བཅར་བ་ཚང་མ་ཚོགས་ཁང་དུ་མཛོམས་ཏེ། ཚོགས་ཆེན་གྱི་ཉིན་དང་པོའི་བརྗོད་གཞི་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་མང་གཉིས་ནས་གདོང་ལེན་བྱེད་ཕྱོགས་དང་། ཉིན་གཉིས་པའི་བརྗོད་གཞི་རྒྱལ་སྤྱི་དང་ཤར་གླིང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ནང་བོད་དོན་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་ཐད་ལ། ཚོགས་ཆུང་སོ་སོས་ཉིན་གཉིས་ཀྱི་རིང་བགྲོ་གླེང་གིས་རྒྱབ་གཉེར་སྙན་ཐོ་བཏོན་ཡོད་པ་ལྟར། ཚོགས་ཆུང་སོ་སོའི་ཚོགས་གཙོས་རྒྱབ་གཉེར་གྱི་སྙན་ཐོ་སྒྲོགས་སྦྱང་བྱས་མཐར་དེ་དག་གི་ཐོག་ཚང་མས་བགྲོ་གླེང་བྱས་སོང་ལ། ཚོགས་ཆུང་ཁག་གི་རྒྱབ་གཉེར་སྙན་ཐོ་མང་ཆེ་བའི་ནང་གཅིག་གྱུར་གྱི་བསམ་ཚུལ་ཐོན་པ་ནི། ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ་ལས་འགུལ་འདྲ་མིན་སྤེལ་ཆེད་ཛ་དྲག་མ་དངུལ་བསྡུ་རྒྱུ་དང་། བོད་གཞུང་མང་ཛ་དྲག་ཚོགས་ཆུང་བསྐྱར་དུ་འཛུགས་རྒྱུ། དེ་བཞིན་བོད་ནང་གི་བོད་མི་ཚོའི་མངོན་འདོད་ལྟར་༧གོང་ས་མཆོག་རྒྱལ་སྤྱིའི་ལྟ་རྟོག་འོག་བོད་ལ་གདན་འདྲེན་ཞུ་ཐབས་དང་། རང་ལུས་མེར་སྲེག་གཏོང་མཁན་ཚོའི་གནས་ཚུལ་ཁག་ཕྱོགས་སྡོམ་གྱིས། སྐད་ཡིག་འདྲ་མིན་ཐོག་གློག་བརྙན་བཟོས་ཏེ་རྒྱལ་སྤྱིའི་སྒང་ལ་བཀྲམ་རྒྱུ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་དྲན་རྟེན་ཆེད་ལས་འགུལ་འདྲ་མིན་སྤེལ་དགོས་སྐོར་སོགས་རེད།

གསར་འགོད་པས་ཐེངས་འདིའི་དམིགས་བསལ་ཚོགས་ཆེན་སྟེང་དྭངས་བླངས་ཀྱིས་བཅར་བའི་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི། ཆོས་རིག་ཚོགས་ཆུང་གི་ཚོགས་གཙོ་རྟ་མགྲིན་ཆོས་དར་ལ་ཁྱེད་རང་ས་ཐག་རིང་པོ་ནས་སླེབས་པ་ཡིན་དུས། ཚོགས་ཆེན་ཐོག་སོ་སོའི་ཐོག་མའི་རེ་བ་ལྟར་བགྲོ་གླེང་བྱུང་ངམ་ཞེས་དྲིས་པར། “ངས་དམིགས་ཡུལ་ཁག་ཁ་ཤས་ཤིག་ཁྱེར་ནས་ཡོང་བ་ཡིན། ཡིན་ན་ཡང་། ཚོགས་ཆུང་དགུ་པའི་ཚོགས་གཙོས་གསུངས་རྒྱུ་ལ་སྤྱི་འཐུས་དང་མང་ཚོགས་ཀྱི་དབུས་སུ་བཤད་རྒྱུའི་གོ་སྐབས་ཡོང་གི་རེད་ཟེར་ནས། ཐེངས་གཉིས་ལངས་པ་ཡིན་ད་ལངས་བཅུག་མ་སོང་། ཡིན་ན་ཡང་ཚོགས་ཆུང་ཁག་གཉིས་ཀྱི་སྙན་ཐོའི་གནད་དོན་དེ་བྱུང་སོང་། ད་ང་ལ་བཤད་རྒྱུའི་གོ་སྐབས་མ་ཐོབ་ན་ཡང་འགྲིག་ས་རེད། གནད་དོན་དེ་ཉེ་ཆར་༧གོང་ས་མཆོག་ཐུགས་ཕམ་བྱུང་ནས་ལ་དྭགས་ལ་བཀའ་སློབ་གནང་བའི་སྐོར་རེད། དེ་ང་ཚོ་གཞུང་མང་གཉིས་ནས་བདག་པོ་རྒྱག་དགོས་པ་གལ་ཆེན་པོ་རེད་”ཅེས་བརྗོད་སོང་།