དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་མཇུག་བསྡོམས།

special meeting of tibetans1དེ་རིང་དགོང་དྲོར་དམིགས་བསལ་ཚོགས་ཆེན་གྱི་མཇུག་བསྡོམས་བྱས་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས། ༧གོང་ས་མཆོག་ཉེ་སྔོན་ཐུགས་ཕམ་བྱུང་བ་དེ། རང་བཙན་བཤད་པ་ལ་བརྟེན་ནས་མ་ཡིན་པར། བོད་གཞུང་ཕྱིར་བསྡུ་བྱས་སོང་ཞེས་བཤད་ཡོད་པས་རེད་ཅེས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་ཁག་གི་ཐོག་བགྲོ་གླེང་བྱས་ཡོད་པ་ལྟར། ཕྱི་ཚེས་༢༨ ཉིན་སྟེ་ཚོགས་ཆེན་གྱི་ཉིན་མཐའ་མའི་ཉིན་རྒྱབ་ཚོགས་ཆེན་ཐོག ཚོགས་ཆུང་སོ་སོའི་རྒྱབ་གཉེར་རྣམས་ཕྱོགས་བསྡོམས་བྱས་པའི་མཐའ་བསྡོམས་སྙན་ཐོ་ཁག་སྤྱི་མོས་ཀྱིས་གཏན་འབེབས་གྲུབ་མཚམས་ཚོགས་ཆེན་མཇུག་བསྡོམས་ཀྱི་མཛད་སྒོ་འཚོགས་སོང་།

བརྗོད་གཞི་དང་པོ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གྱིས་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་སྐོར་ལ་གྲོས་ཆོད་དོན་ཚན་༡༦ དང་། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་ལ་དོན་ཚན་༧ ། ཨེ་ཤི་ཡའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་དོན་ཚན་༨ བཅས་སྤྱི་མོས་ཀྱིས་གཏན་འབེབས་བྱས་ཡོད་པ་རེད།

special meeting of tibetans2གྲོས་ཆོད་ནང་། བོད་དོན་ལས་འགུལ་ཅི་འདྲ་ཞིག་སྤེལ་རུང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པར་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་ཆིག་སྒྲིལ་དང་ལངས་ཕྱོགས་བརྟན་པོས་ཤར་སྐྱོད་ཐུབ་པ་བྱེད་རྒྱུ་དང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་དཔའ་ མོ་ ༥༦ གིས་རང་ལུས་མེར་བསྲེགས་གནང་བའི་བློས་བཏང་གི་ཆོད་སེམས་ལ་ཡི་རངས་དང་། དྲན་གསོའི་ཆེད་དཔའ་བོ་དཔའ་མོ་རྣམས་ཀྱི་འདྲ་རིས་དང་ལོ་རྒྱུས་ཀྱི་དྲན་རྟེན་ ཁང་ཆེད་འཛུགས། ལྷག་པར་གནས་ཆེན་ཁག་ཏུ་བསྔོ་སྨོན་མཆོད་འབུལ་གཞི་རྒྱ་ཆེ་བ་ཞིག་དང་། ཁོང་རྣམ་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་སོགས་ལ་མྱ་ངན་ཐུགས་གསོའི་གདུང་སེམས་མཉམ་སྐྱེད་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཞུང་མང་ཡོངས་ནས་ཉིན་བརྒྱ་དུས་ གཅིག་ཏུ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས་སྐོར་སོགས་ཡིན་པ་རེད།

special meeting of tibetans4ཚོགས་ཆེན་མཇུག་བསྡོམས་གྱི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ཤག་གི་གཏམ་བཤད་གནང་དོན། “དེི་རིང་ཞོགས་པར་༧གོང་ས་མཆོག་སྐུ་ཚེས་རིང་པོའི་བཞུགས་ཆེད་བརྟན་བཞུགས་ཕུལ་བ་དེ་ཡག་པོ་བྱུང་སོང་བསམ་བྱུང་ལ། ༧གོང་ས་མཆོག་ཡིན་ན་ཡང་ཐུགས་མཉེ་པོ་བྱུང་འདུག གང་ཡིན་ཟེར་ན། ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་གཙོས་ཁྲིམས་ཞིབ་པ་ཆེ་བ་དང་ང་ཚོ་ཕོ་བྲང་དུ་བཅར་སྐབས།  ༧གོང་ས་མཆོག་གིས་བླ་ཆེན་ཚོ་ལ་དེ་རིང་བརྟན་བཞུགས་ཡག་པོ་ཞེ་དྲག་བྱུང་སོང་ཐུགས་རྗེ་ཆེ་ཞེས་གསུངས་སོང་། དེ་བཞིན་དེ་རིང་འདིར་བཅར་བའི་ཚོགས་བཅར་བ་ཚོའི་ངོས་ནས་དགོངས་འཆར་ཡག་པོ་གསུང་གནང་སོང་། འདིར་ཕྱོགས་བསྒྲིགས་བྱས་ཡོད་པ་དེ་ཚོའི་ནང་སྒྲིག་འཛུགས་དང་འཛིན་སྐྱོང་ཐོག་ནས་ལག་བསྟར་གནང་དགོས་པ་མང་པོ་འདུག ང་ཚོའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན། དེ་དག་གི་ནང་ནས་གནད་དོན་མང་པོ་ཞིག་ལ་བཀའ་སྤྱི་གཉིས་ཀྱི་ཐོག་ནས་འབད་བརྩོན་བྱས་དང་བྱེད་བཞིན་ཡོད། ཡིན་ན་ཡང་། རྣམ་པ་ཚོའི་དགོངས་ཚུལ་གཞིར་བཞག་པའི་ཐོག་ནས་དེ་དག་ལ་ཡར་རྒྱས་གཏོང་དགོས་པ་དང་། འབད་བརྩོན་བྱ་དགོས་པ་མང་པོ་ཞིག་འདུག གནད་དོན་འགའ་ཤས་ཤིག་གི་ཐོག་ནས་ཞུས་ན། རྒྱ་གར་གལ་ཆེན་པོ་ཡིན་པ་ཁྱེད་རང་ཚོས་གྲོས་ཆོད་གཞག་ཡོད་པ་ལྟར་རྒྱ་གར་གལ་ཆེན་པོ་རེད། ལོ་གཅིག་ལྷག་གི་རིང་རྒྱ་གར་གཞུང་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་གཟིགས་སྟངས་དང་། རྒྱབ་སྐྱོར་གནང་སྟངས་སྔར་ལས་ལྷག་མེད་ན་ཡང་ཡག་པོ་ཞེ་དྲག་ཡོད། དེ་བཞིན་རྒྱལ་སྤྱིའི་ཐོག་ལ་དགོངས་ཚུལ་མང་པོ་བཏོན་སོང་། དེའི་ནང་ནས་ཨ་རིས་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གལ་ཆེན་པོ་རེད། ལྷག་པར་དུ་ཡང་ཚོགས་ཆེན་འདིའི་ཐོག་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གལ་ཆེན་པོ་ཡིན་པའི་དགོངས་ཚུལ་མང་པོ་བྱུང་ཡོད་རེད། ཨེ་ཤིའི་རྒྱལ་ཁབ་ཚོར་ཆོས་རིག་ལས་ཁུངས་གཅོས་པས་ང་ཚོས་ཚང་མས་འབྲེལ་བ་བྱེད་བཞིན་པ་ཡིན། ཡིན་ན་ཡང་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་སྔོན་མ་ནང་བཞིན་གལ་ཆེན་པོ་ཞེ་དྲག་རེད། དམིགས་བསལ་ཨ་རི་གལ་ཆེན་པོ་རེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་ཡིན་ན་ཡང་ཨ་རིས་ག་རེ་བྱེད་ཀྱི་འདུག་བལྟས་བསྡད་ཡོད་རེད། དེར་བརྟེན། བཀའ་སྤྱི་གཉིས་ཀྱི་ཐོག་ནས་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གང་ཐུབ་ཐུབ་ཀྱིས་འབྲེལ་བ་བརྟན་རུ་གཏོང་རྒྱུའི་འབད་བཙོན་བྱེད་ཀྱི་ཡོད། བོད་དོན་རྒྱབ་སྐྱོར་བ་རྙིང་པ་ཚོ་གལ་ཆེན་པོ་རེད། དེ་བཞིན་ཨེ་ཤིའི་ནང་ལ་ཆོས་རིག་བཀའ་བློན་དང་། ཕྱི་འབྲེལ་བཀའ་བློན་ཚོ་ཕེབས་ཡོད་རེད། མ་འོངས་པ་ཡིན་ན་ཡང་ང་ཚོའི་ངོས་ནས་གང་མང་མང་བཅར་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན། ང་རང་ཡིན་ན་ཡང་སྔོན་མ་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གལ་ཆེན་པོ་ཡིན་པ་ཚོར་གྱི་ཡོད་”ཅེས་དང་། མཐར་ཁོང་གིས་ཉེ་ཆར་༧གོང་ས་མཆོག་ཐུགས་ཕམ་བྱུང་བ་དེ་བོད་མི་ཉུང་ཤས་ཤིག་སྐད་ཆར་བརྟེན་ནས་བྱུང་བ་ཡིན་སྐོར་དང་། དེ་རིང་བསྐྱར་དུ་ཚོགས་ཆེན་ཐོག་༧གོང་ས་མཆོག་དགོངས་པ་དངས་གསལ་ཆེད་གྲོས་ཆོད་འཇོག་ཐུབ་པ་ཡག་པོ་བྱུང་ཡོད་སྐོར་སོགས་བརྗོད་སོང་།

special meeting of tibetans5དེ་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཚོགས་ཆེན་མཇུག་བསྡོམས་ཀྱི་གཏམ་བཤད་གནང་དོན། “ང་ཚོས་ལས་འགུལ་ག་རེ་སྤེལ་དགོས་ཀྱི་ཡོད་མེད་ཀྱི་ཐད་ལ་གྲོས་བསྡུར་བྱས་མཐར། རྒྱབ་གཉེར་སྙན་ཐོག་ཁག་ཅིག་བཏོན་ཡོད་རེད། སྙན་ཐོ་དེ་དག་སུས་བསྒྲུབ་དགོས་མིན་གྱི་ཐད་ལ་ང་ཚོས་གྲོས་བྱེད་ནས་ལག་བསྟར་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད། ལག་བསྟར་བྱེད་སྐབས་འཛིན་སྐྱོང་བཀའ་ཤག་གིས་གནང་དགོས་པ་ཡོང་གི་རེད་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྒྲུབ་དགོས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། མི་སྒེར་སོ་སོའི་ངོས་ནས་བསྒྲུབ་དགོས་པ་ཡང་ཡོང་གི་རེད། དེ་བཞིན་ཁྱེད་རང་ཚོ་འདིར་ས་གནས་མི་མང་གི་ཚབ་བྱས་ནས་ཕེབས་ཡོད་དུས། ཚོགས་ཆེན་ཐོག་བགྲོ་གླེང་གང་བྱུང་བ་དེ་ཚོགས་བཅར་བ་སོ་སོའི་ས་གནས་མི་མང་ཚོར་འགྲེལ་བཤད་གསལ་པོར་རྒྱག་དགོས་པ་གལ་ཆེན་པོ་རེད་”ཅེས་དང་། ཡང་ཁོང་གིས་མ་འོངས་པར་ལས་འགུལ་སྤེལ་སྐབས་རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་བསྟུན་ཏེ་སྤེལ་དགོས་སྐོར་དང་། རྒྱ་གར་ཡུལ་མི་ཚོའི་མཉམ་དུ་འཆམ་པོ་བྱེད་དགོས་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་སྟེང་གྲོས་ཆོད་བྱུང་བ་ལྟར། མ་འོངས་པར་ཚང་མས་བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་ཞེས་འབོད་རྒྱུུར་གོམས་འདྲིས་གནང་དགོས་སྐོར་དང་། ༧གོང་ས་མཆོག་དགོངས་པ་དངས་གསལ་ཆེད་གྲོས་ཆོད་འཇོག་ཐུབ་པ་ཡག་པོ་བྱུང་ཡོད་སྐོར་སོགས་བརྗོད་སོང་།

མཐར་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་སོང་།

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེ་ཟླ་འདིའི་ཕྱི་ཚེས་༢༥ ཉིན་འགོ་བརྩམས་ཏེ། ཉིན་བཞིའི་རིང་འཚོགས་ཡོད་པ་ལྟར། བརྗོད་གཞི་ཁག་གསུམ་གྱི་ཐོག་ནས་ལས་འགུལ་སྤེལ་ཕྱོགས་ཁག་ཅིག་གཏན་འབེབས་བྱས་སོང་།