ཡུལ་ཤུལ་རྫ་སྟོད་རྫོང་དུ་གཡུང་དྲུང་གིས་རང་ལུས་མེར་སྲེག་བཏང་བ།

ཟླ་འདིའི་ཚེས་༢༩ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་མིང་ལ་གཡང་དྲུང་ཟེར་གྱི་ཡོད་པ་དང་། ཁོང་ཁམས་ཆབ་མདོ་རྫོང་། ཀརྨ་ཡུལ་ཚོ་ནས་ཡིན་པ་དང་། རང་ལོ་༢༧ ཡིན་འདུག ད་ལྟ་ཁམས་ཡུལ་ཤུལ་ཁུལ། དགེ་འབྲོང་རྫ་སྟོད་དུ་བསྡད་ཡོད་འདུག

ཟླ་འདིའི་ཚེས་༣༠ ཉིན་གྱི་སྔ་དྲོ་ཁོང་ཤི་མ་གསོན་དུ་གྱུར་ཡོད་ནའང་། རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་མར་རྒྱ་ཡུལ་དུ་སྐྱེལ་རྒྱུ་ཡིན་ཞེས་ཁྱེེར་ཡོད་འདུག ལམ་བར་ནས་གྲོངས་སོང་ཞེས་སྐད་ཆ་བྱུང་ཡོད་ནའང་། ད་ལྟ་ས་གནས་དེར་དམ་དྲག་ཆེན་པོ་ཡོད་པས། གནས་ཚུལ་གསལ་ཁ་རག་གི་མེད་པ་རེད། ཕྱི་ཟླ་༡༠ ཚེས་༡ ཉིན་ནི་ཀྲུང་གོའི་རྒྱལ་ཁབ་འགོ་བཙུགས་པའི་ཉིན་མོ་ཡིན་ཞེས། དུས་སྟོན་གྲ་སྒྲིག་རྒྱས་པ་བྱེད་ཀྱི་ཡོད་ནའང་། ས་གནས་དེར་དུས་སྟོན་དེ་གྲ་རྒྱས་པོ་གཏོང་ཐུབ་ཀྱི་མེད་འདུག

དེ་ཡང་བོད་ནས་གནས་ཚུལ་འབྱོར་གསར་ལྟར་ན། ཕྱི་ཟླ་༩ ཚེས་༢༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༧ ཙམ་ལ་ཁམས་ཡུལ་ཤུལ་ཁུལ། དགེ་འབྲོང་རྫ་སྟོད་རྫོང་ཐོག་ཏུ། བོད་མི་གཡུང་དྲུང་ཞེས་པ་ཞིག་གིས་བོད་ཆས་ཆ་ཚང་གྱོན་ནས་རང་ལུས་མེར་སྲེག་བཏང་བ་དང་། རྗེས་སུ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག

ཉིན་ཤས་སྔོན་ཡུལ་དེར་བོད་ལ་བདེ་སྐྱིད་ཡོད་རབ་ཀྱི་འཁྲབ་སྟོན་ཆེན་པོ་ཞིག་འཚོགས་ནས་གློག་བརྙན་པར་རྒྱག་དགོས་པའི་རྒྱ་གཞུང་གིས་བཙན་བཀའ་བཏང་ཡོད་ཀྱང་།  བོད་མི་རྣམས་ཀྱིས་བོད་ལ་ད་ལོ་འཁྲབ་སྟོན་བྱེད་འདོད་མེད་པའི་སྐོར་བཤད་ཡོད་འདུག   དེར་བརྟེན་བོད་མི་དེས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲེག་བྱས་ཡོད་འདུག ཁོང་གིས་རང་སྲེག་གནང་སྐབས་འབོད་སྐུལ་མང་པོ་གནང་འདུག་པ་དང་། དང་པོ་ཀི་ཆེན་པོ་ཞིག་བརྒྱབ་ནས་བོད་རང་བཙན་ཡིན། ༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་། རྒྱལ་བ་ཀརྨ་པ་བོད་ལ་གདན་འདྲེན་དགོས། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག མཁས་དབང་བློ་བཟང་སེང་གེ་བོད་མིའི་རྒྱལ་པོ་ཡིན། རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱེད་དགོས་སོགས་འབོད་སྐད་སྒྲོག་ཞོར་རྫོང་གྲོང་གི་ཚོང་ཁང་ཁག་གི་མདུན་དུ་ཕྱིན་དུས། ཚོང་ཁང་བདག་པོ་དེ་ཚོས་ཆུ་གཏོར་བ་སོགས་བྱས་ཀྱང་མི་འབར་ཤུགས་ཆེ་རྐྱེན། རྒྱུ་མ་ཕྱི་ལ་ཐོན་པ་དེ་ཁོ་རང་གི་ལག་པས་བཅད་སོང་ཟེར། དེ་ནས་རྫོང་གི་ཉེན་རྟོག་པ་སླེབས་ནས་འཛིན་བཟུང་བྱས་སོང་། དེ་རྗེས་འཆི་གསོན་གང་བྱུང་ཧ་གོ་མ་བྱུང་ཅེས་བོད་ནས་མིང་ཤོད་འདོད་མེད་པ་ཞིག་གི་འགྲེལ་བརྗོད་གནང་སོང་།།