ཞི་ཅིན་ཕིང་གིས་བོད་རྒྱའི་དཀའ་རྙོག་སེལ་དགོས།
དེ་རིང་སྔ་དྲོ་དྷ་སར་ཞི་ཅིན་ཕེང་རྒྱ་གཞུང་གི་འགོ་ཁྲིད་ཆགས་སྐབས། ད་ལྟའི་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་དགོས་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།
དེ་ཡང་ཕྱི་ཟླ་༡༡ པའི་ཚེས་༨ ཉིན་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་ཞི་ཅིན་ཕིང་རྒྱ་གཞུང་གི་འགོ་ཁྲིད་ཆགས་རྒྱུ་ཡིན་པ་དང་བསྟུན་ཏེ། ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡། ༣༠ སྟེང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དྷ་ས་ས་གནས་གཞོན་ལྷན་གཉིས་ཀྱི་གོ་སྒྲིག་འོག དྷ་སའི་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་མཉམ་འཛོམས་ཀྱིས། དྷ་ས་ མེག་གྷན་རླངས་འཁོར་འབབ་ཚིགས་ཀྱི་ཁྲོམ་གཞུང་དུ། ཞི་ཅིན་ཕེང་རྒྱ་གཞུང་གི་འགོ་ཁྲིད་ཆགས་སྐབས། ད་ལྟའི་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་དགོས་པའི་ལས་འགུལ་ཞིག་སྤེལ་སོང་ལ། ཐོག་མར་ལས་འགུལ་བ་ཚང་མས་ཞི་ཅིན་ཕིང་གི་ངོ་འབག་གྱོན་པའི་མི་ཞིག་དང་མཉམ་ཁྲོམ་སྐོར་གྲུབ་མཚམས།
གཞུང་ལམ་སུམ་མདོ་རུ་འཛོམས་ཏེ་ཞི་ཅིན་ཕིང་གི་མདུན་དུ། བོད་ནས་རང་ལུས་མེར་བསྲེག་བཏང་བའི་བོད་མི་ཁག་ཅིག་སར་འགྱེལ་ཡོད་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེས། ཞི་ཅིན་ཕིང་ལ་སེམས་ནད་ཕོགས་ཏེ་སྨན་པར་སྟོན་གྱི་ཡོད་པ། གཞན་ཡང་ཞི་ཅིན་ཕིང་དེ་སྔོན་ཡང་བརླགས་མྱོང་ཡོད་པ་དང་། ད་ཐེངས་ཀྱང་གློ་བུར་དུ་བརླགས་ནས་ལས་འགུལ་བ་ཚོས་འཚོལ་གྱི་ཡོད་པའི་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་ལས་འགུལ་སྤེལ་སོང་།
དེ་ནས་ལས་འགུལ་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་ལས་འགུལ་ངོ་སྤྲོད་དང་འབྲེལ་བརྗོད་དོན། “དེ་རིང་འདིར་ང་ཚོས་ལས་འགུལ་སྤེལ་དགོས་དོན་གཙོ་བོ་དེ། ཕྱི་ཟླ་༡༡ པའི་ཚེས་༨ ཉིན་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་འཚོགས་ཏེ། དཔོན་རིགས་བརྗེ་རྒྱུའི་དུས་ཚོད་རེད། ཚང་མས་ཤེས་གསལ་ལྟར་ཞི་ཅིན་ཕིང་རྒྱ་གཞུང་གི་འགོ་ཁྲིད་གསར་པ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། ང་ཚོས་ལས་འགུལ་འདི་བརྒྱུད་ནས་རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་ནས་ལོ་༦༠ འཁོར་འགྲོ་ཡི་ཡོད་རེད། བརྒྱུད་རིམ་དེ་དག་གི་ནང་བོད་མི་ཚོས་དཀའ་སྡུག་ཚད་མེད་པ་མྱངས་ཏེ། ད་ལྟ་རང་ལུས་མེར་སྲེག་གི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་དེ། ཞི་ཅིན་ཕིང་གིས་རྒྱ་གཞུང་གི་འགོ་ཁྲིད་བྱེད་སྐབས་སེལ་དགོས་ཀྱི་ཡོད་ཅེས་བརྡ་ལན་སྤྲད་ཀྱི་ཡོད་”ཅེས་བརྗོད་སོང་།
མཐར་ས་གནས་གཞོན་ལྷན་གྱི་རྒྱུན་ལས་བསྟན་འཛིན་བཙོན་འགྲུས་ཀྱིས། ཞི་ཅིན་ཕིང་རྒྱ་གཞུང་གི་འགོ་ཁྲིད་ཆགས་སྐབས། ཐོག་མར་བོད་རྒྱའི་དཀའ་རྙོག་སེལ་དགོས་སྐོར་དང་། དེ་རིང་གི་ལས་འགུལ་འདི་དྷ་ས་གཅིག་པུ་མ་ཡིན་པར། འཛམ་གླིང་ཁྱོན་ནས་ཉིན་བརྒྱ་དུས་གཅིག་ལ་སྤེལ་གྱི་ཡོད་སྐོར་སོགས་བརྗོད་སོང་། །