སེར་སྨད་ཡང་སྟེང་སྤྲུལ་སྐུ་ལ་བགྲོ་བ།
ལྷ་སྨོན་པ། དྷ་ས།
རང་བཙན་གླེང་བ་ལྐུགས་རྟགས་ཡིན་དང་ཡེ་རྡོར་གྱི་སྐད་ཆ་བསྐྱར་བཟློས་བྱས་པ་གླེན་རྟགས་ཡིན།
གླེང་སློང་བ།
སེར་སྨད་དགེ་བཤེས་ལྷ་རམས་པ་སྙན་གྲགས་ཅན་ཡང་སྟེང་སྤྲུལ་སྐུས་<<ལོ་རྒྱུས་ཀྱིས་ད་ལྟའི་ཚབ་བྱེད་མི་རུང།>>ཞེས་པའི་རྩོམ་ཡིག་ཅིག་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༤༠༥ ནང་བཀོད་འདུག ཁོང་དེང་སྐབས་དགའ་ལྡན་ཕོ་བྲང་གི་དཀྱིལ་འཁོར་ནང་ཕེབས་ཡོད་ཚུལ་ཐོས་ཀྱང། གྲོགས་འདྲིས་ལྟ་ཅི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཙམ་ཡང་བྱུང་མྱོང་མེད། ཁོང་གིས་སྙན་པའི་གྲགས་པ་རིང་མོ་ཞིག་ནས་རྣ་ལམ་དུ་སོན་པས་ཡིད་སྨོན་དང་གུས་བཀུར་ཆེན་པོ་ཞུ་མཁན་གྱི་གྲས་ཤིག་ཡིན། འོན་ཀྱང་དེ་རིང་སྤྱི་དོན་གཙོར་བཟུང་གིས་ཁོང་གི་རྩོམ་ཡིག་དེ་ལ་གསལ་བཤད་ལན་འདེབས་ཤིག་མ་ཞུས་ན། བོད་ཀྱི་བདེན་དོན་ལོ་རྒྱུས་ལ་རྒྱུས་མངའ་ཆུང་བའི་མི་སྐོར་ཞིག་ལ་གོ་ནོར་ཐེབས་རྒྱུའི་ཉེན་ཁའང་ཡོད་སྲིད་པས་ཆེད་རྩོམ་འདི་བྲིས་པ་ཡིན། འོན་ཀྱང་གཤམ་དུ་བརྗོད་གཞི་དངོས་ལ་འཇུག་སྐབས་ལངས་ཕྱོགས་མི་མཐུན་པས། ཁོང་དང་ལམ་དབུ་མ་གཉིས་ལ་ཚིག་རེ་ཟུང་རེ་ཞུ་དགོས་ཐུག་ངེས་ཀྱང། མི་གུས་པ་གཏན་ནས་མིན་པས་ཀློག་མཁན་རྣམ་པས་དེ་ལུགས་དགོངས་འཇགས་ཞུ།
མངོན་འདོད་དང་མི་འཚམ་པའི་ལམ་ཁ་ཞིག་ཇི་ལྟར་འདེམས་དགོས།
ཡང་སྟེང་སྤྲུལ་སྐུས་“མངོན་འདོད་ཀྱིས་ལོ་རྒྱུས་ཀྱི་ཚབ་བྱེད་མི་ཐུབ་”ཅེས་གསུངས་འདུག ལོ་རྒྱུས་ནི་འདས་ཟིན་པ་ལ་གོ་བས་བསྐྱར་བཅོས་བྱེད་ཐབས་མེད་པ་དང། ལོ་རྒྱུས་ནང་གི་ནོར་འཁྲུལ་ཁག་ལའང་ལེ་བརྡ་བྱེད་འདོད་མེད་པར་ཉམས་མྱོང་དང་བསླབ་བྱ་ལེན་དགོས་པ་ཁོ་ན་ཡིན། དེར་བརྟེན་མངོན་འདོད་ཀྱིས་ལོ་རྒྱུས་ཀྱི་ཚབ་བྱེད་དགོས་དོན་མེད་ལ། དེ་བྱེད་མཁན་ཡང་ཡོད་མི་སྲིད་པ་ལྟ་བུ་རེད། གཙོ་ཆེ་ཤོས་མི་ཞིག་ལ་མཚོན་ན་ཆོས་དང་ཆབ་སྲིད་གཉིས་ཀྱི་འཕྲལ་ཕུགས་དམིགས་ཡུལ་མི་མཚུངས་ཀྱང་མངོན་འདོད་གཙོ་བོར་འཛིན་དགོས་པ་གཅིག་མཚུངས་ཡིན། འཇིག་རྟེན་པ་ཞིག་གི་ངོས་ནས་བཤད་ན་རང་ཉིད་ཀྱི་མངོན་འདོད་དང་མཐུན་པ་ཞིག་མ་བྱུང་ན། སྤྱི་ཡོངས་ཀྱི་ཡར་རྒྱས་དང་སྔོན་ཐོན་གྱི་མིང་ག་འདྲ་ཞིག་ཡོད་ཀྱང། བདེ་སྐྱིད་རྩ་བ་ནས་ཡོད་མི་སྲིད་པས་མངོན་འདོད་ཅེས་པ་དོན་དག་ཆུང་ཆུང་ཞིག་དང་གཡུགས་ཆོག་ཆོག་ཅིག་ག་ལ་ཡིན། དེར་བརྟེན་མངོན་འདོད་དང་མི་མཚམས་པའི་ལམ་ཁ་ཞིག་ཇི་ལྟར་འདེམས་དགོས་པ་རེད།
ཁྱེད་ཀྱིས་ཐའེ་ཝན་དཔེ་རུ་བཀོད་ནས་ཨ་རིས་ཐའེ་ལན་ལ་རང་བཙན་ལེན་རོགས་མ་བྱས་པས། བོད་ལ་དེ་བས་རྒྱབ་སྐྱོར་བྱེད་མི་སྲིད་ཚུལ་གསུངས་འདུག ད་ལྟའི་ཆར་ཐའེ་ཝན་གྱི་རང་བཙན་ལེན་མི་དགོས་པར་རང་བཙན་ཡོད་མུས་རེད། ཕྱི་འབྲེལ་དང་དམག་དོན། དཔལ་འབྱོར་དང། ས་ཁོངས་སོགས་གང་ཐད་ནས་རང་བཙན་ཡིན་མུས་ལས་རྒྱ་ནག་གི་ཁྱབ་ཁོངས་མ་རེད། གལ་སྲིད་བོད་དོན་དང་ཐའེ་ཝན་སྦྱར་ནས་གསུང་གི་ཡོད་ན། ཕྱི་ལོ་༡༩༩༧ ལོར་རྒྱ་ནག་གིས་ཐའེ་ཝན་ལ་དམག་རྒྱག་གྲབས་བྱེད་སྐབས་འཛམ་གླིང་དུ་ཆེ་ཤོས་སུ་གྲགས་པའི་ཨ་རིའི་དམག་གི་མཚོ་གྲུ་དེ་ཉིད་ཐའེ་ཝན་གྱི་མཚོ་འགྲམ་དུ་སླེབས་ནས་སྲུང་སྐྱོབ་བྱས་ཡོད་ལ། ད་དུང་རྒྱ་ནག་གིས་ཁ་རྡུང་དང་གནོན་ཤུགས་ལ་མ་ཉན་པར་ཐའེ་ཝན་ལ་ཨ་རིའི་གཞུང་གིས་གོ་མཚོན་འབོར་ཆེན་ཚོང་བསྒྱུར་བྱེད་བཞིན་པ་འདིས་མིང་ཙམ་གྱིས་རྒྱ་ནག་གཅིག་གི་ལྟ་ཚུལ་འཛིན་བཞིན་ཡོད་ཀྱང། དོན་དུ་ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་སྟངས་ལྟ་བུ་བོད་ལ་བྱས་ན་འགྲིག་པ་རེད། འོན་ཀྱང་བོད་རང་བཙན་བོད་པས་ལེན་དགོས་པ་ལས་གཞན་ཁོ་ནར་ལག་པ་བཟེད་དགོས་པ་ཞིག་མིན་པ་འདིའང་སེམས་ལ་ངེས་དགོས།
ལོ་རྒྱུས་ཀྱི་བདེན་དོན་ལའང་ཡིད་ཆེས་མེད་དམ།
ད་དུང་ཁྱེད་ཀྱིས་“ཅི་སྟེ་རང་བཙན་རྩོད་ན། རང་བཙན་གྱི་ཁུངས་ལུང་འདེང་ངེས་དང་དེ་ཡང་ཁྲིམས་ཀྱིས་གཞུང་བསྲངས་ཏེ་རྒྱལ་སྤྱིའི་སྡིངས་ཆར་གསལ་པོར་ཇི་ལྟར་བཟོའམ། རྒྱ་དམག་ཕྱིར་འབུད་ཇི་ལྟར་བྱའམ། རང་བཙན་འཐབ་རྩོད་ལ་སྦྱོར་དངོས་རྗེས་གསུམ་གྱི་འཆར་གཞི་འདེང་རྒྱུ་གང་ཡོད་དམ།”ཞེས་གསུངས་པ་དེ། དེང་སྐབས་ལམ་དབུ་མར་བསྐྱོད་མཁན་ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་བཤད་པ་དེ་རེད། འོན་ཀྱང་བོད་རང་བཙན་ཡིན་པ་ལོ་རྒྱུས་ཀྱི་ཐོག་ནས་ཁ་གསལ་གཏིང་གསལ་ཡིན་པ། རྒྱས་བཤད་མི་དགོས་པར་ད་བར་རྒྱ་གཞུང་གིས་བཏོན་པའི་ཆ་རྐྱེན་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ཁུངས་ཡིན་པ་ཁས་ལེན་བྱེད་མི་ཐུབ་པ་གནད་འགག་འདི་ཁོ་ནར་ཐུག་ཡོད། ད་དུང་ལོ་རྒྱུས་ཐོག་ནས་བོད་དབུས་དང་ས་གནས་ཀྱི་སྲིད་གཞུང་། དམག་མི་དང་དངུལ་ལོར་སོགས་བོད་ལ་ཁྲིམས་ཐོག་ནས་རྒྱལ་ཁབ་ཅིག་ལ་ཚང་དགོས་པ་ཚང་མ་འཛོམས་ཡོད།
རྒྱལ་སྤྱིའི་ཐོག་ཁུངས་ལུང་གིས་མི་འདེང་བ་མེད་པར་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དེ་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་པའི་ལུང་པ་ཞིག་ཡིན་པ་དང། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཚུལ་བཅས་སྔ་རྗེས་གྲོས་ཆོད་ཐེངས་གསུམ་བཞག་པ་དེས་ཀྱང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་རང་བཙན་གྱི་བདེན་དོན་ར་སྤྲོད་བྱུང་བ་རེད། དཔེར་ན་“རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་པ་ནས་དུས་རབས་འདིའི་འགོ་སྟོད་ཀྱི་ཆིངས་ཡིག་ཁག་ལ་རྟོག་ཞིབ་བྱས་པའི་ལོ་རྒྱུས་གོང་བརྗོད་ཟིན་པ་ལྟར། ཁོང་ཚོས་ཐག་གཅོད་གཏན་འབེབས་བྱས་གསལ་དུ། ང་ཚོ་རང་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང། རྒྱ་མིའི་བཀོད་བྱུས་འོག་ནས་དངོས་དོན་གྱི་རང་དབང་རང་བཙན་ཡིན་པ་མ་ཟད། ཁྲིམས་དོན་གྱི་རང་དབང་རང་བཙན་ཡང་རེད་ཅེས་ཐག་གཅོད་བྱས་འདུག”ཅེས་༧གོང་ས་མཆོག་གིས་<<ངོས་ཀྱི་ཡུལ་དང། ངོས་ཀྱི་མི་མང་>>དུ་གསུངས་པ་བཞིན། ཁྲིམས་ཐོག་ནས་ཀྱང་ཁུངས་སྐྱེལ་བྱས་ཟིན་པ་རེད། དཔེར་ན་ཕྱི་ལོ་༡༩༤༨ ལོར་ཞྭ་སྒབ་པས་སྣེ་ཁྲིད་པའི་བོད་ཀྱི་ཚོང་དོན་སྐུ་ཚབ་རྒྱ་གར་དང། ཧྥ་རན་སི། ཨི་ཊ་ལི། དབྱིན་ཡུལ། ཨ་རི་སོགས་ལ་བསྐྱོད་སྐབས་བོད་གཞུང་གི་ལག་ཁྱེར་ལ་རྒྱལ་ཁབ་དེ་དག་གིས་ངོས་ལེན་ཆ་འཇོག་བྱས་ཡོད་པ་འདིས་ཀྱང་བོད་རང་བཙན་གྱི་གནས་བབས་ར་སྤྲོད་གསལ་པོ་བྱས་ཡོད་པས་གཞན་ཡིག་ཚོགས་ལ་འཇིགས་ནས་མ་བྲིས།
རང་བཙན་འཐབ་རྩོད་ལ་སྦྱོར་དངོས་རྗེས་གསུམ་གྱི་འཆར་གཞི་མེད་པ་མིན་པར། བོད་ལ་རང་དབང་རང་བཙན་གྱི་གནས་བབས་ཤིག་ངེས་པར་དུ་དགོས་པ་དང། དེའི་ཆེད་དུ་ཕྱོགས་ཡོངས་ནས་གཞིས་བྱེས་གཉིས་སུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྣེ་མང་སྤེལ་ནས་ད་ལྟའི་ཆར་རྒྱ་གཞུང་ཨུ་ཐུག་པའི་ཚད་དུ་སླེབས་ཡོད། རྒྱ་ནག་ནང་ཁུལ་དུའང་རང་དབང་འཐབ་རྩོད་བྱེད་མཁན་ཉིན་རེ་ནས་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པས། སྲིད་དབང་སྒེར་གཅོད་བྱེད་པའི་རྒྱ་དམར་གཞུང་འདི་ཉིད་སྲ་བརྟན་ཡུན་རིང་དུ་གནས་ཐུབ་པ་ཞིག་རྩ་བ་ནས་མིན། སྐབས་དེར་རྒྱ་དམག་ཕྱིར་འཕུད་མི་དགོས་པར་ཕྱིར་ལོག་མི་བྱེད་ཀ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་ཀྱི་རེད། དེར་བརྟེན་ང་ཚོར་ཡོད་པའི་གོ་སྐབས་དེ་མི་འཆོར་བ་དང། བོད་རང་བཙན་གྱི་དམིགས་ཡུལ་མ་བརླགས་པ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་རེད། མ་འོངས་པར་རྒྱ་དམར་གཞུང་ལ་བརྟེན་རྒྱུའི་བསམ་བློ་ཙམ་མིན་པར་བོད་མི་རིགས་དང་བོད་རྒྱལ་ཁབ་དེ་ཉིད་རང་གི་རྐང་པའི་སྒང་དུ་ལངས་ཐུབ་པ་བྱ་རྒྱུའི་འཆར་གཞི་དང་དམིགས་ཡུལ་གདེང་ཚོད་བཅས་མ་བརླགས་ན་དེས་འགྲིག་པ་རེད། ཤོག་བུའི་སྟེང་དུ་མི་རིགས་ས་གནས་རང་སྐྱོང་གི་ཡིག་ཆ་བཟོས་པ་ལྟ་བུ་ཞིག རང་བཙན་གཙང་མ་དགོས་པའི་སྦྱོར་དངོས་རྗེས་གསུམ་གྱི་འཆར་གཞི་ཡོངས་གྲགས་དང་ཡོངས་གྲགས་མ་ཡིན་པ་མང་པོ་ཡོད་པ་དང། དེ་ལྟ་བུ་ཞིག་བཟོ་རྒྱུར་ཡང་དཀའ་ངལ་གང་ཡང་མེད།
འཛམ་གླིང་གི་ལོ་རྒྱུས་ནང་ལོ་སྟོང་ཕྲག་གི་རྗེས་སུ་རང་བཙན་ཐོབ་པའི་ལོ་རྒྱུས་ཡོད་ལ། ང་ཚོའི་གནས་ཡུལ་རྒྱ་གར་གཞུང་ཡང་དབྱིན་ཇིའི་བཙན་གནོན་འོག་ཏུ་ལོ་༢༠༠ ལྷག་བསྡད་པ་རེད། དེ་དང་དེ་ལྟ་བུས་མཚོན་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེའི་ལོ་རྒྱུས་ལ་འཕེལ་འགྲིབ་མང་པོ་བྱུང་མྱོང་ཡོད་པ་དང། དཔེར་ན་རྒྱ་ནག་རང་གི་ལོ་རྒྱུས་ལ་བལྟས་ནའང་གནས་སྟངས་འདྲ་མིན་སྣ་ཚོགས་བྱུང་མྱོང་བས། བོད་པ་དབང་བསྒྱུར་བྱེད་པའི་ལོ་རྒྱུས་འདི་ལ་མཇུག་སྡོམ་རྒྱག་མི་ཐུབ་པ་སུས་ཁ་ཚོན་བཅད་ནས་བཤད་ཐུབ། ས་སྒང་འདིའི་སྟེང་དུ་ཡོད་པའི་བྱ་དངོས་ཐམས་ཅད་འཇིག་རྟེན་མཐའ་བཞིས་མ་བསྡུས་པ་གཅིག་ཀྱང་མེད་པ་དེ་ཡང་ཆོས་ཉིད་དང་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད།
རང་དབང་མེད་ན་རིག་གནས་ཇི་ལྟར་སྲུང་སྐྱོབ་བྱེད།
ཁྱེད་ཀྱིས་“རིག་གཞུང་ནི་རང་བཙན་ལས་ལྷག་པ་ཡིན།”ཞེས་གསུངས་འདུག སྐད་ཆ་འདི་མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང་གསུངས་མྱོང་ལ། ཁྱེད་ཀྱིས་བསྐྱར་བཟློས་གནང་འདུག། དོན་དངོས་སུ་འཇིག་རྟེན་མི་ཡི་གྲལ་ནས་བུད་ཅིང། དམ་པའི་ལྷ་གྲལ་དུ་ཚུད་པའི་ངེས་དོན་གྱི་རྣལ་འབྱོར་བ་ཞིག་ལ་མཚོན་ན་འདི་ལྟ་བུའི་སྣང་བ་འཆར་སྲིད་ཀྱང། ང་ལྟ་བུའི་མི་དཀྱུས་མ་ཞིག་གི་ངོས་ནས་བཤད་ན། མིའི་རིགས་གཙོ་བོར་གྱུར་པའི་འགྲོ་བ་ཡོངས་ཀྱི་ཆེད་དུ་ནང་བསྟན་གཙོ་བོར་གྱུར་པའི་རིག་གཞུང་གནས་དགོས་པ་ལས། རིག་གཞུང་ཁོ་ནའི་ཆེད་དུ་མི་རིགས་གསོན་དགོས་པ་ཞིག་ག་ལ་ཡིན། ད་དུང་དེ་བས་ཁ་གསལ་དུ་གཏོང་དགོས་པ་ཞིག་ནི། རྒྱ་དམར་གཞུང་གི་འོག་ཏུ་རང་དབང་གི་ཁོར་ཡུག་ཅིག་ཡོད་མི་སྲིད་པ་དང། མི་རིགས་ས་གནས་རང་སྐྱོང་དགོས་པའི་བསམ་འཆར་ཡིག་ཆ་དེ་ཡང་དང་ལེན་མ་བྱས་པ་རེད། གལ་སྲིད་བྱེད་པའི་དབང་དུ་བཏང་ཡང་མ་འོངས་པར་བོད་ལ་མང་གཙོའི་ལམ་ལུགས་དགོས་པ་ཚིག་གཅིག་ཀྱང་མེད་པ་འདི་ཁོ་ནའི་ཐོག་ནས་ཀྱང་བོད་ལ་རང་དབང་གང་ནས་ཡོང་གི་རེད། རང་བཙན་མེད་ཀྱང་རིག་གནས་སྲུང་སྐྱོབ་བྱེད་པའི་ཁོར་ཡུག་ཅིག་གང་དུ་ཡོད། དེར་བརྟེན་བོད་ལ་རང་བཙན་དགོས་པ་དེ་བོད་ཀྱི་ནང་ཆོས་གཙོ་བོར་གྱུར་པའི་རིག་གནས་སྲུང་སྐྱོབ་ཀྱི་ཆེད་དུ་རེད།
ད་དུང་ཁྱེད་ཀྱིས་“ཨེ་ཤི་ཡའི་མི་རབས་ཕྱི་མ་རྣམས་ཀྱིས་དགོས་མཁོ་དང་བསྟུན་ནས་ཨེ་ཤི་ཡ་ཁྱོན་ཡོངས་ཆིག་སྒྲིལ་དང་ཁ་འཐོར་གང་དུའང་བྱེད་སྲིད་ལ་བྱེད་ཀྱང་ཆོག རྒྱ་བོད་གཉིས་ཀྱང་དེ་ལྟར་ལས་མ་འདས། དགོས་མཁོ་དང་ནུས་པ་ལ་མི་ལྟ་བར་གཅིག་ཏུ་རང་བཙན་གླེང་དགོས་པའང་ལྐུགས་རྟགས་ཚ་བས་རེད།”ཟེར། དོན་དངོས་ཐོག་ཆིག་སྒྲིལ་དང་ཁ་འཐོར་གང་ཡིན་ཡང་བྱེད་ཆོག་པ་ཞིག་རེད། དེར་བརྟེན་བོད་མི་རིགས་ཀྱང་རྒྱ་གཞུང་དང་མཉམ་གནས་ཐུབ་ཐབས་མེད་པར་ཆོས་རྒྱལ་ཁྲི་རལ་གྱི་སྐབས་སུ་“བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད”ཅེས་པ་ལྟ་བུ་རེད། བོད་རྒྱ་མཉམ་གནས་བྱས་ན་ང་ཚོར་དགོས་མཁོ་དང་ཁེ་ཕན་ག་རེ་ཡོད། བོད་མི་རིགས་ཀྱི་དགོས་མཁོ་དེ་རྒྱ་ནག་ལྟ་བུ་མི་འབོར་མང་ཞིང་སྟོབས་འབྱོར་ཆེ་བ། ངོ་ཚ་ཁྲེལ་གཞུང་མེད་པ་ཞིག་གི་དབང་བསྒྱུར་འོག་ཏུ་གནས་རྒྱུ་དེ་མ་ཡིན་པར། ཆུང་ས་ནས་བཤད་ན་ང་ཚོའི་ཁྱིམ་མཚེས་འབྲུག་རྒྱལ་ཁབ་ལྟ་བུ་རང་དབང་ཞི་བདེ་ཡོད་པ་ཞིག་བྱུང་ན་དགོས་མཁོ་འགྲུབ་པ་ལས། ཕྱིའི་དངོས་པོ་ཁོ་ན་ཡར་རྒྱས་སོང་བ་ཙམ་གྱིས་ནང་གི་སེམས་ལ་བདེ་སྐྱིད་བསྐྲུན་མི་ཐུབ་པ་དང། ལྷག་དོན་རྒྱ་དམར་གཞུང་གི་ཁྲིམས་ལུགས་དེ་ཚོ་སྔོན་མ་ནས་ཡོད་པ་རེད་ལ། ད་བར་ལག་བསྟར་མ་བྱས་པ་རེད། མ་འོངས་པར་ལག་བསྟར་བྱེད་ཐུབ་པའི་གདེང་ཚོད་ག་རེ་ཡོད། ད་དུང་ལོ་འདིའི་ལོ་སྟོད་ཙམ་དུ་༧གོང་ས་མཆོག་གི་སྐུ་ཚབ་ཐུག་འཕྲད་བྱེད་ཡུལ་རྒྱ་གཞུང་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་རྩོམ་ཡིག་གི་ལམ་ནས་མི་རིགས་རང་སྐྱོང་གི་གནས་བབས་མེད་པ་བཟོ་དགོས་ཚུལ་གསལ་སྟོན་བྱས་པ་དང། སྐུ་ཚབ་གཉིས་དགོངས་ཞུ་བྱེད་དགོས་པའི་རྒྱུ་མཚན་གཅིག་ཀྱང་དེ་བགྲང་པ་མ་ཡིན་ནམ།
ང་ཚོ་བོད་མི་རིགས་ལ་ཡོད་པའི་ནུས་པ་དེ་བདེན་དོན་རེད། གོང་དུ་བརྗོད་པ་བཞིན་ང་ཚོས་འཆར་གཞི་དང་དམིགས་ཡུལ་མ་བརླགས་པའི་ཐོག་ནས་འཐབ་རྩོད་བྱེད་ཐུབ་ན་གོ་སྐབས་ཡོང་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད། ཉེ་བའི་ལོ་ཤས་ནང་མཁྲེགས་འཛིན་ཅན་གྱི་ཁ་ཆེའི་རྒྱལ་ཁབ་ཁག་གི་ཆབ་སྲིད་ལམ་ལུགས་ལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པ་དང། ཉི་ཤར་སྦར་མོས་མི་ཁེབས་པ་དང། ཆུ་འབུར་ས་ཡིས་མི་ཁོག་པའི་དཔེ་བཞིན་འབར་མའི་ནང་དུའང་མང་གཙོའི་འགྱུར་བ་འགྲོ་བཞིན་པའི་སྐབས་འདིར། རྒྱ་གཞུང་གི་མཁྲེགས་འཛིན་ཅན་ཚོ་མུ་མཐུད་དུ་གནས་རྒྱུ་ཡིན་པའི་རྒྱུ་མཚན་ལྷག་མ་གང་ཡང་མེད། དེར་བརྟེན་རྒྱ་དམར་གཞུང་གི་སྲིད་དབང་ལ་ཡོ་འཁྱོམ་ཞིག་བྱུང་ཚེ་ཤར་ཏུརྐི་སི་ཐན་དང། སོག་པོ་སོགས་རྒྱ་དམར་གཞུང་གིས་བཙན་གནོན་བྱས་པ་དེ་དག་ཀྱང་རང་བཙན་ཅན་དུ་འགྱུར་རྒྱུའི་གོ་སྐབས་ཡོང་གི་རེད་ལ། བོད་པས་ཀྱང་དེ་ལྟ་བུའི་གོ་སྐབས་བློས་གཏོང་དགོས་དོན་ག་ལ་ཡོད། སྐབས་དེ་དུས་རང་བཙན་གླེང་བ་ལྐུགས་རྟགས་ཚ་བ་ཡིན་དང། ཡང་ན་ཁྱེད་ཀྱིས་ཡེ་རྡོར་གྱི་སྐད་ཆ་དག་བསྐྱར་བཟློས་ཀྱིས་“ཀྲུང་ཧྭ་ཡི་ཁྱིམ་ཚང་ནང་བདེ་སྐྱིད་ཆེ་ཤོས་བཅས་བྱུང་ཚེ་རང་བཙན་ལས་མི་ལྷག་གམ།”ཞེས་བརྗོད་ཕོད་པ་དེ་གླེན་རྟགས་སུ་འགྱུར་གསལ་པོ་ཆགས་ངེས་རེད།
ཉིན་གཅིག་གིས་མ་ཚད་ལོ་༤༠ ཟིན་གྲབས་འདུག
ཁྱེད་ཀྱིས་“ཉིན་གཅིག་ཀྱང་འགྱང་ཐབས་མེད”ཅེས་རང་བཙན་གླེང་རྒྱུ་མེད་ཚུལ་གསུངས་འདུག ཡོངས་གྲགས་སུ་ཏིང་ཞོ་ཕིང་གིས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་བརྒྱུད་ནས་བསྐུར་བའི་ངག་འཕྲིན་འབྱོར་བ་བརྒྱུད། རང་བཙན་གྱི་ལངས་ཕྱོགས་བསྐྱུར་ནས་ལོ་༣༣ ཟིན་པ་དང། ཕྱི་ལོ་༡༩༧༤ ཙམ་ནས་ལམ་དབུ་མའི་ལངས་ཕྱོགས་སུ་ཕེབས་རྒྱུའི་གྲ་སྒྲིག་བྱས་པ་ཡོངས་གྲགས་རེད། དེ་ལྟར་བརྩིས་ན་དབུ་མའི་ལམ་དུ་བསྐྱོད་ནས་ལོ་༣༩ ཕྱིན་ཟིན་པ་རེད། ལོ་འདི་དག་གི་རིང་དུ་ང་ཚོས་ལངས་ཕྱོགས་འདི་ཉིད་བཟུང་ཡང་བོད་རྒྱའི་གནད་དོན་ཐག་གཅོད་མ་བྱུང་བ་རེད་ལ། ཉིན་གཅིག་གིས་མ་ཚད་ལོ་བཞི་བཅུ་ཟིན་གྲབས་ཡོད་པས་ཁྱེད་ཀྱིས་གསུངས་པ་འདི་ལ་རྒྱུ་མཚན་འདུག་གམ།
འཛམ་གླིང་གི་འགྱུར་ལྡོག་ལས་བྱུང་བ་ཞིག་མིན་ནམ།
ད་དུང་ཁྱེད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་བརྒྱུད་གཞིས་བྱེས་གཉེན་འཕྲད་དུ་ཡོང་རྒྱུའི་གོ་སྐབས་བྱུང་བ་དང། བོད་རྒྱའི་སྐུ་ཚབ་ཐུག་འཕྲད་བྱུང་བ། ད་དུང་༧གོང་ས་མཆོག་རྒྱལ་སྤྱིའི་ཁྱོན་དུ་མཛད་འཕྲིན་དར་རྒྱས་བྱུང་བའང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་ཚུལ་བརྗོད་འདུག དོན་དངོས་ཐོག་རྒྱ་ནག་གི་ངོས་ནས་དཔལ་འབྱོར་ཡར་རྒྱས་ཀྱི་ཆེད་དུ་ཕྱིའི་མ་རྩ་འགུགས་ཐབས་དང། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་རྗེས་ཟིན་པའི་ཆེད་དུ་དཔལ་འབྱོར་གྱི་ལམ་ལུགས་ལ་བསྒྱུར་བཅོས་བཏང་བ་དང་སྟབས་བསྟུན། ཕྱི་ཕྱོགས་ཀྱི་མགྲོན་པོ་བསུ་བ་སོགས་སྲིད་བྱུས་ལ་འགྱུར་བ་ཆེན་པོ་བཏང་བ་ཞིག་ལས། བོད་པ་ལ་ཕན་པའི་ཆེད་དུ་གཉེན་འཕྲད་ཀྱི་སྲིད་བྱུས་ཤིག་ནམ་ཡང་འཛིན་མྱོང་མེད། ད་དུང་ཁག་ཅིག་གིས་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་བོད་ནས་སློབ་གཉེར་བ་མང་པོ་ཞིག་འབྱོར་བཞིན་པའང་སྲིད་བྱུས་འདིའི་གྲུབ་འབྲས་ཡིན་ཚུལ་གླེང་ཡང། དོན་དངོས་ཐོག་བོད་ནས་ཡོང་བའི་གསར་འབྱོར་བ་ཚོའི་བདེ་སྡུག་ལ་ཐུགས་སྣང་ཆུང་དྲགས་པས་རེད་ཅེས་ཀྱང་བརྗོད་ཆོག
ང་དང་ང་ལྟ་བུ་མང་པོ་ཞིག་ཧི་མ་ལ་ཡའི་རི་བོ་རྐང་པས་བགྲོད། གཅེས་པའི་ཚེ་སྲོག་འབེན་ལ་བཙུགས་ནས་ཡོང་བ་ལས་རྒྱ་གཞུང་གིས་ཕེབས་སྐྱེལ་བྱས་ནས་ཡོང་བ་ཞིག་གཏན་ནས་མིན། ཅིག་བྱས་ན་ཁྱེད་ཀྱང་ང་དང་གཅིག་པ་ཡིན་སྲིད། འོན་ཀྱང་བཙན་བྱོལ་ཁྲོད་ནས་བོད་དུ་འགྲོ་མཁན་དག་ལ་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ཞིག་རྒྱ་ནག་གཞུང་ཚབ་ཀྱིས་སྤྲོད་བཞིན་ཡོད་འདུག་པ་དང། དེ་བརྒྱུད་ནས་འགྲོ་མཁན་ཡང་མང་པོ་ཡོད་ཚུལ་འདུག དོན་དངོས་ཡིག་ཆ་དེས་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་མིན་པ་ར་སྤྲོད་བྱེད་ཆེད་ལས། དམིགས་བསལ་གྱི་སྲིད་བྱུས་བཟང་པོ་ཞིག་ག་ལ་ཡིན། ད་དུང་སྲིད་བྱུས་དེའི་རྒྱབ་ལོགས་ན་ཡོད་པའི་གཡོ་ཁྲམ་ཆེ་ཤོས་ཤིག་ནི། ཉིན་གཅིག་རྒྱ་གཞུང་གིས་བོད་པ་རྣམས་བཙན་བྱོལ་བ་མ་ཡིན་པར་ཕྱི་སྡོད་རྒྱ་མི་ཡིན་པའི་སྒྲུབ་བྱེད་དུ་ལག་ཁྱེར་དེའི་རིགས་ལེན་མཁན་གྱི་གྲངས་འབོར་རྒྱལ་སྤྱིའི་སྟེང་དུ་བསྒྲགས་ན་རྩ་དོན་ལ་ཕན་གནོན་ག་རེ་ཡོད། འདི་ཚོ་ཡང་སེམས་ལ་དྲན་དགོས་པ་ཞིག་རེད།
༧གོང་ས་མཆོག་གི་རྒྱལ་སྤྱིའི་ཁྱོན་གྱི་མཛད་འཕྲིན་ཁག་སྲིད་བྱུས་འདི་ལ་བརྟེན་ནས་བྱུང་ཚུལ་ལའང་རྒྱུ་མཚན་ཆ་ཚང་ཁས་ལེན་དཀའ་བར། བོད་རང་བཙན་གྱི་ལངས་ཕྱོགས་སུ་ཕེབས་བཞིན་པའི་སྐབས་ཀྱང་ཨུ་རུ་སུ་དང། སོག་ཡུལ། སུད་སི། གྷི་རི་སི། ཨ་རི། ཨི་ཊ་ལི། ནེ་ཐར་ལན་ཌི། བྷེལ་རྗམ། ཨར་ལེན་ཌི། ནོར་ཝེ། སུ་ཝི་ཌན། ཌན་མག དབྱིན་ཡུལ། ནུབ་འཇར་མི་ནི། ཨོ་སི་ཊེ་རི་ཡ་སོགས་སུ་སྔ་རྗེས་ཆིབས་བསྒྱུར་བསྐྱངས་ཡོད་པ་དང། དེའི་རྗེས་སུ་མཛད་འཕྲིན་ཡར་རྒྱས་སོང་བ་དེ་ཉིད་༧གོང་ས་མཆོག་གི་མཚན་སྙན་གྲགས་དང། ལྷག་དོན་འཛམ་གླིང་གི་འཕོ་འགྱུར་རམ་ཡར་རྒྱས་ཀྱི་རང་བཞིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། འོན་ཀྱང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་ཆེ་བསྟོད་མང་པོ་ཞིག་བཞེས་ཐུབ་པ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་ཡོད་པ་གསལ་པོ་ཡིན་པ་རང་བཞིན་གྱིས་ཁས་ལེན་དང་ཡི་རངས་ཞུ་དགོས་པ་ཞིག་རེད།
ད་དུང་ཁྱེད་ཀྱིས་རྒྱ་རིགས་ཤེས་ཡོན་ཅན་ཁྲི་ཚོ་མང་པོས་བོད་དོན་ལ་རྒྱབ་སྐྱོར་ཡོད་ཚུལ་གསུངས་འདུག་ཀྱང། ང་ཚོས་བོད་དོན་ལ་རྒྱབ་སྐྱོར་མཚོན་པའི་རྩོམ་ཡིག་གི་གྲངས་ཀ་བགྲང་ནས་དེ་ཙམ་གྱིས་ཡིད་མགུ་མི་འོས་པར། ཉིན་རེ་བཞིན་བརྒྱུད་ལམ་ཁག་ཏུ་བོད་ཀྱི་ལོ་རྒྱུས་དང་བདེན་དོན། ༧གོང་ས་མཆོག་གི་མཛད་འཕྲིན་བཅས་ལ་གཞི་མེད་སྐུར་འདེབས་བྱེད་བཞིན་པའི་གྲངས་འབོར་ནི་དེ་བས་ཀྱང་མང་བ་ཧ་ཅང་གསལ་པོ་རེད། མི་རིགས་རིང་ལུགས་ཀྱི་རྨོངས་ཞྭ་དགུ་བརྩེགས་གྱོན་པའི་རྒྱ་མི་རིགས་དེ་རྒྱ་གཞུང་གི་གཡོ་འཕྲུལ་འོག་ནས་གཉིད་སད་རྒྱུའི་གོ་སྐབས་ད་དུང་ཡང་བྱུང་མེད།
ཁྱེད་ཀྱིས་“༸གོང་ས་མཆོག་གི་མཛད་པར་ཕྱིར་ལྟས་སློག་པ།”ཞེས་པའི་འགོ་བརྗོད་འོག ༧གོང་ས་མཆོག་བཀའ་དྲིན་ཆེ་ཚུལ་དང། ཁོང་གི་སྒམ་ཡངས་དཀྱེལ་ཆེའི་མཛད་སྤྱོད་དག་ངོ་སྤྲོད་གནང་བ་དང་སྦྲགས། ཞོར་དུ་བོད་རང་བཙན་བཤད་ན་༧གོང་ས་མཆོག་ལ་གུས་བཀུར་མི་ཞུ་བ་དང། ཁ་ཤས་ཀྱིས་༧གོང་ས་མཆོག་ལས་ལྷག་པ་སུ་གཅིག་མེད་ཚུལ་གྱི་བརྗོད་བབས་དང་གཅིག་པ་ལྟ་བུར་མཐོང་སོང། དོན་དངོས་ཐོག་ང་ཐེ་བའི་རང་བཙན་གྱི་ལངས་ཕྱོགས་སུ་ཤར་བསྐྱོད་བྱེད་མཁན་ཚོ་ཡང། ༧གོང་ས་མཆོག་གི་བཀའ་དྲིན་གྱི་ཞོ་ཤས་འཚོ་བཞིན་པ་དང། ཁོང་ལས་ལྷག་པའི་བཀའ་དྲིན་དང་མཛད་རྗེས་ཆེ་བ་ད་ལྟའི་ཆར་བོད་མི་རིགས་ཀྱི་ནང་དུ་སུ་གཅིག་མེད་པ་ཧ་ཅང་གསལ་རྟོགས་ཡོད་པ་མ་ཟད། དད་པ་དང་དམ་ཚིག་གི་ཐོག་ནས་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་མཁན་ཚོ་ལས་ལྷག་པ་མེད་ཀྱང། རྗེས་སུ་ལུས་མེད་པ་ཚེ་སྲོག་རྒྱན་དུ་བཞག་ནས་བཤད་ཕོད། རང་བཙན་ཁ་འཁྱེར་བ་རེ་ཟུང་གིས་༧གོང་ས་མཆོག་ལའང་ཟུར་ཟ་བ་ཡོད་སྲིད་ཀྱང། དེ་ལ་བརྟེན་ནས་བོད་ཀྱི་བདེན་དོན་ནམ་རང་བཙན་དོན་གཉེར་བ་རྣམས། ༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཡིན་པ་ལྟ་བུ་མ་ཉེས་ཁ་ཡོག་གིས་རྒྱུག་པ་ལེབ་རྡུང་བྱ་རྒྱུའི་དྷ་སའི་ནད་ངན་འདི་ཁྱེད་ལའང་འགོས་ཟིན་འདུག་བསམ་པའི་བློ་ཕམ་ཆེན་པོ་བྱུང།
ཚེ་སྲོག་གི་འབོད་སྒྲར་རང་འདོད་ཀྱིས་བཟོ་བཅོས་མི་རུང།
ཁྱེད་ཀྱིས་“མེ་ལྕེའི་ཀློང་དུ་བསྒྲགས་པ་ནི་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་པ་འདི་རེད།”ཅེས་ཁ་ཚོན་བཅད་ནས་གསུངས་འདུག ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་ཁྱེད་དང་ང་ཐེ་བའི་གཞིས་བྱེས་བོད་མི་ཚང་མའི་རེ་འདུན་ཡིན་པ་ཧ་ཅང་བདེན་ཡང། ཚེ་སྲོག་བློས་གཏོང་མཁན་ཚོས་རང་བཙན་བརྗོད་མེད་ཚུལ་རྒྱུ་མཚན་གང་ལ་བརྟེན་ནས་གསུངས་པ་ཡིན། དུས་རྒྱུན་སྣང་བ་དག་ནས་དཔའ་བོ་དཔའ་མོ་ཚོའི་ཚེ་སྲོག་གིས་བསྐྲུན་པའི་འབོད་སྒྲ་ལ་ཐུགས་སྣང་མེད་ཀྱང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་པར་སྐྲུན་འགྲེམས་སྤེལ་བྱས་ཤིང། དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཕྱོགས་སྒྲིག་བྱས་པ་<<ཚེ་སྲོག་གི་འབོད་སྒྲ་>>ཞེས་པར་ཚར་གཅིག་གཟིགས་དང། རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་དང། ནོར་བུ་དགྲ་འདུལ། བསྟན་འཛིན་མཁས་གྲུབ། ངག་དབང་ནོར་འཕེལ་བཅས་ལྔ་ཡིས་དངོས་སུ་ཞལ་ཆེམས་ནང་བོད་རང་བཙན་གྱི་མངོན་འདོད་གསལ་སྟོན་གནང་འདུག་ལ། རྒྱལ་གཅེས་དཔའ་བོ་སྣང་གྲོལ་གྱི་ཞལ་ཆེམས་ནང། “བོད་མི་རིགས་འདི་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ། སྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་འདིས་པ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད།” ཅེས་སོགས་དང། རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་གྱི་ཞལ་ཆེམས་ནང་“བོད་རྒྱལ་ཁབ་ཀྱི་རང་ས་ཟིན་པའི་དོན་དུ་རང་ལུས་མེ་མཆོད་དུ་འབུལ་རྒྱུ་ཡིན།”ཞེས་ཁོང་རྣམ་པ་གཉིས་ཀྱི་འབོད་སྒྲ་ཡང་རང་བཙན་ཡིན་པ་གསལ་པོ་རེད།
དེབ་ཆུང་དེའི་ནང་དུ་མ་ཚུད་པ་ད་དུང་ཉེ་ཆར་ཕྱི་ཟླ་༩ ཚེས་༢༩ ཉིན་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་གཡུང་དྲུང་གིས་བོད་རང་བཙན་གྱི་སྐད་འབོད་གནང་འདུག ད་བར་བོད་ནང་དུ་རྒྱལ་གཅེས་དཔའ་བོ་༥༢ ཀྱིས་རང་ལུས་མེར་སྲེག་བཏང་ཡོད་པའི་ནང་ནས་འདའ་ཁའི་ཞལ་ཆེམས་སམ་འབོད་སྒྲ་དེ་༢༥ ལས་ལག་སོན་བྱུང་མེད་པ་དང། ཞལ་ཆེམས་དེ་དག་གི་ནང་དུ་སུམ་ཆ་གཅིག་ཙམ་གྱིས་རང་བཙན་གྱི་འབོད་སྒྲ་བསྒྲགས་ནས་སྐུ་གཤེགས་པ་རེད། ད་དུང་རང་དབང་དགོས་ཞེས་ཚང་མས་བརྗོད་ཡོད་ཀྱང། དེ་ཡང་རྒྱ་གཞུང་གི་མནར་གཅོད་དང་བཙན་འོག་ཏུ་རང་དབང་མེད་པ་ཤེས་ནས་བརྗོད་པ་ཞིག་ལས། ང་ཚོའི་ཉལ་ས་དྲོན་མོའི་ནང་གི་རྨི་ལམ་དང་རང་དབང་ཞེས་པ་དེ་དང་གཅིག་པ་ཡིན་མིན་ད་དུང་གཞི་ནས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད། སྤྱིར་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་འབོད་སྒྲ་རང་ཉིད་ཀྱི་ལངས་ཕྱོགས་སུ་བསྒྱུར་རྒྱུར་དགག་བྱ་བྱེད་མཁན་ཞིག་ཡིན་ཡང། ཁྱེད་ཀྱིས་ཆེད་དུ་རྒྱལ་གཅེས་དཔའ་པོ་དཔའ་མོ་དག་གི་འབོད་སྒྲ་ལ་སྣང་མེད་དུ་བཟོ་བཅོས་བརྒྱབ་འདུག་པས། གསལ་བཤད་འདི་མི་བྱེད་ཀ་མེད་ཆགས་སོང།
མཇུག་བསྡུ་བ།
ད་དུང་ཁྱེད་ཀྱིས་བཙན་བྱོལ་ནང་བེད་སྤྱོད་དཀོན་པའི་མིང་ཚིག་“ཀྲུང་དབྱང་”ཞེས་ཡང་ཡང་བེད་སྤྱོད་གནང་འདུག་པ་དང། དེའི་དོན་ནི་དབུས་ལ་གོ་བ་ཁྱེད་ཀྱིས་ཀྱང་མཁྱེན་ངེས་རེད། རྩོམ་ཡིག་དེའི་མགོ་མཇུག་བར་གསུམ་གྱི་ཚིག་དོན་ལ་བསམ་བློ་བཏང་ན་རྒྱ་དམར་གཞུང་དེ་དབུས་གཞུང་ལྟ་བུར་ངོས་འཛིན་དང། དྷ་སའི་བོད་མིའི་སྒྲིག་འཛུགས་འདི་ས་གནས་ཀྱི་གཞུང་ལྟ་བུར་དགོངས་པ་བཞེས་མེད་དམ་བསམ་པའི་ཚོར་བ་ཞིག་སྐྱེས་སོང། གལ་སྲིད་དེ་འདྲ་ཡིན་ན་མོས་མཐུན་རྩ་བ་ནས་མེད། མདོར་ན་བླ་མ་སྤྲུལ་སྐུའི་མཚན་ཡོད་མཁན་དང། ཐོབ་དང་གོ་ས་ཡོད་པའི་དཔོན་པོ་ཚོའི་དམའ་རིམ་སྤྱི་ཚོགས་ཀྱི་བསམ་བློ་དང་གོ་རྟོགས་ལ་རྒྱུས་མངའ་གཏན་ནས་མེད་པར་བརྒྱ་ཁ་གཅིག་གཅོད་མི་གནང་བ་དང། ཆེན་པོའི་ཁྲི་ལ་འགྱིང་མཁན་ཚོ་དང་དམའ་རིམ་སྤྱི་ཚོགས་ཀྱི་བསམ་བློ་ལ་བར་ཁྱད་ཡོད་མེད་ལའང་དགོངས་བཞེས་དགོས་པའི་དུས་ལ་སླེབས་ཡོད།།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༦ ཕྱི་ལོ་ ༢༠༡༢/༡༠/༣ ཐོག་བཀོད་ཡོད།