བྱང་ཆུབ་ལམ་རིམ་གསུང་ཆོས་གསལ་བསྒྲགས།

༄༅།།ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པའི་རིས་སུ་མ་མཆིས་པའི་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།

ཆེད་དོན།  དེ་ཡང་བསྟན་པ་འདི་ལ་སྟོན་པ་གཉིས་པའི་མཛད་པ་བདག་གིར་བཞེས་པ། འཇིག་རྟེན་ཡོངས་ཀྱི་མང་བཀུར་བའི་སློབ་དཔོན་ཆེན་པོ།

ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བྱང་ཆུབ་ལམ་གྱི་རིམ་པ་འཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་གསོལ་འདེབས་སྙན་སེང་རིམ་ཞུས་ལ་ཞལ་བཞེས་ཡོད་མུས་ཐོག་སྔ་ལོ་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་ལམ་རིམ་ཆེན་མོ་གསོལ་འདེབས་ཞུས་དོན་བཞིན་ཡོངས་འཛིན་གླིང་བླ་བྲང་དང་། ཤར་རྩེ་གྲྭ་ཚང་གཉིས་སྦྱིན་བདག་གི་གཙོ་བོ་དང་དེ་བྱིངས་གདན་ས་གསུམ་གྱི་གྲྭ་ཚང་ཁག་ལྔ་དང་། འབྲས་སྤུངས་བླ་སྤྱི། རྒྱུད་གྲྭ་སྨད་སྟོད། ར་སྟོད་གྲྭ་ཚང་། བཀྲ་ཤིས་ལྷུན་པོ། བློ་གླིང་སྤྲུལ་སྐུ་ལྷན་ཚོགས། བྲག་རི་རིན་པོ་ཆེ། ཌོཀ་ཊར་སྦི་རི་བཅས་སྦྱིན་བདག་གི་ཁོངས་སུ་ཞལ་བཞེས་ཐོབ་པ་བཞིན་ཕྱི་ལོ་༢༠༡༢ ཟླ་བ་༡༡ ཚེས་༣༠ ཉིན་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་གཉིས་སུ་སྔ་ཕྱིར་བཀའ་ཆོས་ཕྱི་ཟླ་༡༢ ཚེས་༡༣ བར་བསྩལ་རྒྱུ་དང་། ལྷག་འཕྲོས་རྗེས་ལོར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་སེ་ར་ཐེག་ཆེན་གླིང་དུ་གནང་རྒྱུ་བཅས་ཐུགས་གཏན་འཁེལ་ཞིང་།

དེ་འབྲེལ་གསུང་ཆོས་ཀྱི་ཕྱག་དཔེ་གོ་སྒྲིག་ཞུས་པ་ལྟར་གྱི་མཚན་གཞུང་གཤམ་གསལ། ༡༽བྱང་ཆུབ་ལམ་རིམ་ཆེན་མོ། ༢༽ ལམ་རིམ་འབྲིང་པོ།  ༣༽ལམ་རིམ་ཉམས་འགུར། ༤༽ ལམ་རིམ་གསེར་ཞུན་མ། ༥༽ ལམ་རིམ་བདེ་ལམ། ༦༽ ལམ་རིམ་འཇམ་དཔལ་ཞལ་ལུང།  ༧༽ ལམ་རིམ་མྱུར་ལམ། ༨༽ ལམ་རིམ་ལེགས་གསུང་ཉིང་ཁུ། ༼འདི་ཡན་ལམ་རིམ་འཁྲིད་ཆེན་བརྒྱད་དུ་གྲཌ་པ་རྣམས་ཡིན།༽ ༩༽ བྱང་ཆུབ་ལམ་གྱི་སྒྲོན་མ། ༡༠༽ ལམ་གཙོ་རྣམ་གསུམ། ༡༡༽ ཡོན་ཏན་གཞིར་གྱུར་མ།  ༡༢༽ རྟོགས་བརྗོད་མདུན་ལེགས་མ། ༡༣༽ ལྷོ་བརྒྱུད་ལམ་རིམ། ༡༤༽ ལམ་རིམ་བདུད་རྩི་སྙིང་པོ། ༡༥༽ ཞྭ་དམར་ལམ་རིམ།  ༡༦༽ ལྷག་མཐོང་དཀའ་འགྲེལ། ༡༧༽ རྣམ་གྲོལ་ལག་བཅངས། ༡༨༽ལམ་རིམ་འབྲིང་པོའི་ས་བཅད་བཅས་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཕྱག་དཔེ་རྣམས་འགྲེམས་སྤེལ་ཞུ་རྒྱུ་ལགས་ན་དེ་དོན་དགོངས་པར་མངའ་བ་ཞུ།

བྱང་ཆུབ་ལམ་རིམ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་ནས་ཕྱི་ལོ་༢༠༡༢ ཟླ་༨ ཚེས་༣༠ བཟང་པོར་སྤེལ།
འབྲེལ་བ་གནང་ཡུལ་གྱི་ཞལ་དཔར་ཨང་གྲངས་+༩༡-༨༣༠༡-༢༤༥༡༡༧ www.jangchuplamrim.org