ནང་པའི་ཚན་རིག་ལས་འཕྲོས་པའི་གཏམ།
གོང་དཀར་ངག་རྣམ།
སྤྱི་བཤད།
ནང་པའི་ཚན་རིག་ནི་དངོས་ཡོད་རིང་ལུགས་ཤིག་ཡིན་པས་འདིའི་གོ་ས་གླེང་བའི་ཚེ་ཡང་ད་ལྟ་མི་རྣམས་ཀྱིས་དངོས་ཡོད་རིང་ལུགས་སམ་དངོས་ཡོད་རྣམ་གཞག་ཏུ་བསྙད་པ་སྟེ། ད་ལྟའི་ཚན་རིག་གི་བྱུང་རིམ་དང་། དཔྱོད་ཐབས། ངོ་བོ། གྲུབ་དོན་སོགས་ཀྱི་སྟེང་ནས་ནང་པའི་ཚན་རིག་གི་གོ་དོན་ལ་བལྟས་ན།
ཕྱོགས་གཉིས་ཀྱི་གནད་དོན་ཧྲིལ་པོར་གྲོས་ཁ་གཅིག་དང་། དམིགས་ཡུལ་གཅིག དཔྱད་ཐབས་གཅིག་སོགས་གཅིག་གྱུར་གྱི་སྡོམ་ཚིག་ཉི་ཚེ་བ་ཞིག་འགོད་མི་ཐུབ་ཀྱང་། ཕྱོགས་གཉིས་ཀར་ཡོད་པའི་རིག་རྩལ་བྱེ་བྲག་པའི་ཁྱད་ཆོས་ཙམ་གྱི་ཐོག་ནས་མཐུན་ཆ་བླང་རྒྱུའང་མེད་པའང་གཏན་ནས་མིན་པས། ད་ལྟ་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་འགངས་ཆེ་བ་དང་ངོ་མཚར་བའི་ཆེ་བའི་བགྲོ་གླེང་གི་ལེའུ་གསར་པ་འགྲོ་བཞིན་པའི་སྐབས་བབ་དང་བསྟུན། རྩོམ་ཡིག་འདིས་ཀྱང་དོན་གནད་དེའི་གྲུབ་ཆ་རེ་གཉིས་ཀྱི་རྣམ་པ་གསལ་བའི་སྐད་ཆ་འགའ་ཤོད་པར་ཐལ།
འོ་ན། དངོས་ཡོད་རིང་ལུགས་སམ་དངོས་ཡོད་ཅེས་པའི་གོ་དོན་གང་རེད་ཅེས་པའི་དྲི་བ་དེ་ངམ་ཤུགས་ཀྱིས་སླེབ་ཅིང་། འདི་ནི་ཕྱོགས་གཉིས་ཀ་ཐུན་མོང་གིས་སྤྱོད་པའི་བརྡ་ཆད་ཅིག་དང་། གནད་འདི་ལ་དཔྱོད་པའི་སྐབས་ནམ་ཡང་འདོར་དུ་མེད་ཅིང་དཀའ་གནད་དུ་གྱུར་པའི་གཞི་རིམ་གྱི་ལྟ་གྲུབ་ཅིག་ཀྱང་ཡིན། སྤྱིར་དངོས་ཡོད་རིང་ལུགས་ཞེས་པ་ནི་སེམས་ཀྱི་ལྟ་སྟངས་ཤིག་ཡིན་པ་དང་། འདིའི་ཁྱབ་ཁོངས་སམ་བལྟ་བྱའི་ཡུལ་གྱི་ནང་དུའང་སྒྱུ་རྩལ་དང་། རྩོམ་རིག གྲུབ་མཐའ། ཚན་རིག ཆབ་སྲིད། དཔལ་འབྱོར་སོགས་ཤེས་བྱའི་སྡེ་ཚན་མང་དག་ཅིག་ཡོདཔ་གོར་མ་ཆག འདིར་ནི་ལྟ་གྲུབ་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་དངོས་ཡོད་དེ་ཡིན་སྙམ། ནང་པའི་ཚན་རིག་ནང་གྲུབ་མཐའ་སྨྲ་བ་བཞིའི་ལྟ་བར་གོང་འོག་གི་རྣམ་དབྱེ་འབྱེད་པ་དེ་ཡང་དངོས་པོའི་གནས་ཚུལ་ཞེས་པ་དེ་འཇོག་སྟངས་མི་འདྲ་བའི་དབང་གིས་ཡིན་པ་དང་། སྟོང་ཉིད་དམ་དངོས་པོའི་གནས་ཚུལ་གྱི་ལྟ་བ་ནི་ནང་པའི་ལྟ་གྲུབ་ཀྱི་གྲུབ་ཆ་གལ་ཆེ་ཤོས་ཤིག་དང་དཀའ་བའི་གནད་དུ་འདོད།
ཚན་རིག་གི་ཕྱོགས་ནས་བལྟས་ན་ཡང་། ཚན་རིག་གི་ལོ་རྒྱུས་སམ་འཕེལ་རིམ་ལྟ་གྲུབ་སོགས་ཀྱི་ངོ་བོ་ལ་ལྟ་བའི་སྔ་ཕྱིའི་དཔྱོད་ཐབས་ཀྱི་རྣམ་པ་དང་དུས་ཡུན་མི་འདྲ་བ་དང་། གྲུབ་དོན་སྔ་མ་སྔ་མར་ཕྱི་མ་ཕྱི་མའི་ཀླན་ཀ་བསྙོན་མེད་དུ་འཇུག་པའི་བརྒྱུད་རིམ་ཙམ་ལས་ཐམས་ཅད་ཀྱིས་འཇིག་རྟེན་ལས་འདས་པའི་གནད་དོན་ཏེ། དད་མོས་དང་། སྣོད་བཅུད་བཀོད་པ་པོ། གདོད་མའི་ལྷ་སྒྲུང་ལས་འཇིག་རྟེན་གྲུབ་ཚུལ་སོགས་ཀུན་དོར་ཏེ། དངོས་པོ་བྱེ་བྲག་པའི་དངོས་ཡོད་གནས་སྟངས་གླེང་བ་ཤ་སྟག་ཡིན་པ་དང་། དོན་དངོས་དེའི་དབང་གིས་ཆོས་ལུགས་དང་ཚན་རིག་ནི་གང་ཟག་ཅིག་གི་བསམ་བློའི་ནང་ནམ་ཡང་འགལ་ཟླའི་ངོ་བོར་གནས་དགོས་པའི་ལྟ་ཚུལ་འདི་ཁྱབ་གདལ་དུ་ཕྱིན་པར་སྙམ།
རྒྱུ་མཚན་གཞན་ཞིག་ནི་སངས་རྒྱས་པའི་གཞུང་ལུགས་སྤྱི་དང་ལྷག་པར་དཔལ་ལེནྜའི་ནང་པའི་གཞུང་ལུགས་ཀྱིས་ད་ལྟའི་འཛམ་གླིང་ཐོག་གི་ཆོས་ལུགས་ཁ་ལ་འཁྱེར་བའི་འཐབ་རྩོད་སྐྱི་གཡའ་བ་འདིར་གདོང་ལེན་བྱེད་ཐབས་སམ། ཆོས་ལུགས་ནི་འགྲོ་བ་མིའི་བདེ་སྐྱིད་ཀྱི་དགོས་མཁོ་གཉིས་པར་བལྟས་ཏེ། ཐམས་ཅད་ཀྱིས་ལེགས་པར་བསམས་ན་རྒྱུ་མཚན་ཁས་ལེན་ཐུབ་པའི་འཇིག་རྟེན་མིའི་གཞི་རྩའི་བདེ་སྐྱིད་ཀྱི་དགོས་མཁོ་དང་པོ་འཇིག་རྟེན་མི་ཆོས་ཀྱི་གལ་ཆེའི་རང་བཞིན་དང་། དེ་ཉིད་ཇི་ལྟར་བྱས་ནས་སྐྱེད་ཐབས་ཀྱི་རྣམ་གཞག་ངོ་མཚར་བ་ཞིག་སྟོན་གྱི་ཡོད་པ་དང་། དེ་ཡང་༸གོང་ས་མཆོག་གིས་ནང་པའི་ཆོས་ཀྱི་སྒྲོམ་གཞིའི་ནང་ཚན་རིག་དང་། ལྟ་གྲུབ། ཆོས་ལུགས་བཅས་ཀྱི་རིམ་པ་ཡོད་པའི་གོ་རྟོགས་གལ་ཆེན་ཞིག་འཛམ་གླིང་ཐོག་སྐྲུན་གནང་མཛད་ཡོད་པས། སྤྱིར་ཆོས་ལུགས་ཙམ་གྱི་ངོ་བོ་དད་མོས་ཡིན་པའི་འདུ་ཤེས་ཕྱོགས་རེ་བ་དེས་སངས་རྒྱས་པའི་གཞུང་ལུགས་ཧྲིལ་པོའི་དོན་སྙིང་གླེང་བསྡད་ན་སངས་རྒྱས་པའི་གཞུང་ལུགས་ཀྱི་ཁྱད་ཆོས་གལ་ཆེན་བརླག་པ་རེད།
དེ་བཞིན་དེང་དུས་ཀྱི་དངོས་ཁམས་ཚན་རིག་ཐོག་ནས་བལྟས་ན་སྔོན་དུས་རབས་བཅུ་དྲུག་པའི་ནང་ཨེ་ཊ་ལའི་ཚན་རིག་པ་སྐུ་ཞབས་གྷད་ལེ་ལོས་རྒྱང་ཤེལ་བརྒྱུད་ནས་ཉི་མས་སའི་གོ་ལར་སྐོར་བ་མི་བྱེད་པར་སའི་གོ་ལས་ཉི་མར་སྐོར་བ་བྱེད་པའི་བདེན་དོན་གཏན་འབེབས་བྱས་པ་དང་། བར་དུ་དུས་རབས་ཉི་ཤུ་པའི་ནང་ལྟོས་གྲུབ་རིག་པ་དང་། ཁོན་ཊོན་རྣམ་གཞག་ལ་བརྟེན་ནས་རྫས་རྡུལ་འཇོག་ཚུལ་ལ་འཕེལ་རྒྱས་རླབས་ཆེན་བྱུང་བ། ད་ལྟ་ཚད་རྡུལ་ཤུགས་རིག་Quantum mechanics གིས་ཚད་འཇལ་དང་མྱུར་ཚད་ལ་བརྟེན་ནས་རྡུལ་ཕྲན་གཅིག་གི་ངོ་བོ་རླབས་རྡུལ་གྱི་ཕྱོགས་གཅིག་ཏུ་ཁ་ཚོན་གཅོད་མི་ཐུབ་པའི་ངེས་མེད་ཀྱི་རྣམ་གཞག་རྩལ་འདོན་བྱེད་པའི་དུས་ཚོད་བར་གྱི་འགྱུར་མཚམས་གང་བྱུང་བ་ཐམས་ཅད་འཇིག་རྟེན་དང་། དུས། བར་སྣང་སོགས་ཀྱི་རང་བཞིན་ནམ་དངོས་ཡོད་གནས་ཚུལ་ལ་དཔྱོད་པ་ཤ་སྟག་ཡིན།
འོན་ཏེ། དཔྱད་བྱའི་ཡུལ་ལ་རྒྱ་ཆེ་ཆུང་དང་། དཔྱོད་ཤེས་དང་དཔྱོད་ཐབས་ཟབ་སླའི་ཁྱད་པར་ཡོད་ཆོག་པ་སྟེ། ནང་པའི་ཚན་རིག་གིས་དངོས་པོའི་ཆོས་ཙམ་ལ་དཔྱད་པའི་ཚེ་ནའང་། གཟུགས་ཅན་དང་། ཤེས་པ། དེ་གཉིས་གང་ཡང་མིན་པའི་འདུས་བྱས་སོགས་ཀྱི་རྣམ་གྲངས་དང་ངོ་བོའི་རང་བཞིན་གླེང་བ་དང་། མ་ཟད་དངོས་པོའི་གནས་ལུགས་གཏན་ལ་འབེབས་བྱེད་ལའང་འཕྲུལ་ཆས་ཀྱི་རིག་པ་དང་། མཐར་ཨང་རྩིས་ལ་གཏུགས་དགོས་པའི་རྣམ་གཞག་དེ་ཡང་བྱེད་དགོས་ཀྱི་མེད། དེང་རབས་ཚན་རིག་གིས་ནི་རྟོག་པ་དང་རྟོག་བྲལ་གྱི་རྣམ་གཞག་དེ་མེད་པར། གཟུགས་ཅན་མངོན་འགྱུར་བ་ཤ་སྟག་གི་གནས་ལུགས་འཚོལ་རྙེད་བྱེད་བཞིན་ཡོད་སྙམ། དབྱིན་ཇིའི་ཚིག་མཛོད་གྲགས་ཅན་དེ་ཚོའི་ནང་(Realism)རི་ཡདལི་ཛེམ་ཞེས་པའི་ཐ་སྙད་འདིའི་གོ་དོན་འགྲེལ་སྐབས་ཐུན་མོང་གིས་ཤོད་ཚུལ་ཞིག་ནི་རེ་བ་དང་། རྟོག་པ། ཚོར་སྣང་བཅས་ཀྱིས་བཅིངས་པ་མིན་པའི་བདེན་དོན་ཞིག་སྟེ། མདོར་ན་འཆར་ཡན་དང་དད་མོས་ཀྱི་སྣང་ཚུལ་ལས་འདས་པའི་དངོས་པོ་སྨྲ་བའི་ལྟ་གྲུབ་ཅིག་ཏུ་འདོད།
ནང་པའི་ཚན་རིག་དང་དེང་རབས་ཚན་རིག
ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གཉིས་ཀྱི་ཐུང་མོང་བའི་དཔྱད་དོན་ཐད་ཀྱི་བགྲོ་གླེང་དེ་སྔར་བས་གོང་འཕེལ་དང་གཏིང་ཟབ་ཏུ་འགྲོ་མུས་དང་། ནང་པའི་ཚན་རིག་གིས་ཚན་རིག་གི་བགྲོ་གླེང་ར་བར་མདུན་སྐྱོད་དང་རེ་སྤོབས་ཀྱི་ལེའུ་གསར་པ་ཞིག་བཤམས་ཟིན། དེ་ཡང་ནང་པའི་གཞུང་ནས་གསུངས་པའི་ལྟ་གྲུབ་དང་སྤྱི་དང་། ལྷག་པར་སེམས་ཁམས་རིག་པས་དེང་རབས་ཀྱི་ཚན་རིག་ལ་ཁྱད་དུ་འཕགས་པའི་གྲོས་གཞི་གསར་པ་ཞིག་གི་ནང་རིན་ཐང་ངོམ་བཞིན་ཡོད་པས་གཤམ་དུ་དེང་རབས་སེམས་ཁམས་རིག་པའི་འཕེལ་རིམ་མདོར་ཙམ་སྨྲ་འདོད། སྤྱིར་ཤར་ནུབ་ཀྱི་ལྟ་གྲུབ་སོ་སོའི་ལོ་རྒྱུས་ཀྱི་གལ་གནད་གང་ཞིག་ལ་བལྟས་ཀྱང་། ཕྱིའི་འཇིག་རྟེན་དང་ནང་གི་འཇིག་རྟེན་གཉིས་ལས་ནང་གི་འཇིག་རྟེན་ནམ་གང་ཟག་ཅེས་པ་དེ་ཅི་ཞིག་ཡིན་མིན་ལ་དཔྱོད་པ་ནི་སྔ་མ་ལས་འགངས་ཆེ་བར་ལྟ་དགོས་པ་དང་། ནང་པའི་ལྟ་གྲུབ་སྨྲ་བ་བཞི་ཀས་ནང་གི་དོན་བདག་གམ་གང་ཟག་གི་བདེན་དོན་རྩད་ཞིབ་བྱེད་བཞིན་ཡོད་ལ། ཐམས་ཅད་ཀྱིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལས་མི་འདའ་བར་བྱེད་པ་ནི་ནང་པའི་ལྟ་གྲུབ་ཀྱི་བླ་ན་མེད་པའི་ཁྱད་ཆོས་ཤིག་ཡིན། གནའ་བོའི་གྷི་རིག་གི་མཁས་པ་དེ་ཚོས་རང་བྱུང་ཚན་རིག་དང་བསམ་བློའི་ཚན་རིག་དབར་རྩོད་གླེང་ཇི་སྙེད་ཅིག་བྱས་ཡོད་ཚོད་རེད།
དབྱིན་སྐད་ནང་Psychology ཞེས་པའི་ཐ་སྙད་འདི་ནི་གནའ་བོའི་གྷི་རིག་གི་ལྟ་གྲུབ་སྨྲ་བས་གསར་གཏོད་བྱས་པ་ཞིག་ཡིན་པ་དང་། ༡༨༧༠ ལོ་སྟེ་འཇར་མན་དང་ཨ་རིའི་ནང་སེམས་ཁམས་རིག་པ་འདི་ཉིད་ཚན་རིག་གི་ཞིབ་འཇུག་གི་སྒྲོམ་གཞིའི་ནང་རང་རྐང་ཐུབ་པར་འཕེལ་རྒྱས་ཕྱིན་པའི་དུས་སྐབས་དེ་བར་དུ་སེམས་ཁམས་རིག་པ་ནི་ལྟ་གྲུབ་ཀྱི་ཆ་ཤས་སུ་གནས་ཡོད། སྤྱིར་ད་ལྟའི་དབྱིན་ཡིག་ཚིག་མཛོད་དག་གིས་དེང་རབས་སེམས་ཁམས་རིག་པའི་འགྲེལ་བཤད་འདི་ལྟར་བྱེད། མིའི་སེམས་ཀྱིས་བཀོད་པ་དང་བྱ་བ་ཇི་ལྟར་བྱེད་ཚུལ་དང་། དེས་མིའི་བྱ་སྤྱོད་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་སྟོན་པའི་ཚན་རིག་ཅིག་གམ། ཡང་མཁས་པ་ལ་ལས་སེམས་ཀྱི་ཚན་རིག་ཅེས་ཀྱང་འདོད་བཞིན་ཡོད། ཐ་སྙད་འདི་ད་ལྟ་ནང་པའི་གཞུང་ལུགས་ཀྱི་སྡེ་ཚན་ནང་བེད་སྤྱོད་བྱེད་པའི་དབང་དུ་བཏང་ན། དེ་ནི་བློ་རིག་གི་རྣམ་གཞག་གམ་གཞུང་ལུགས་གོ་ཆོག་ན་འོས་པར་མཐོང་།
སྤྱིར་བཏང་ང་ཚོའི་སེམས་ཁམས་ནང་ནུབ་ཕྱོགས་པའི་ཤེས་ཡོན་དང་ཚན་རིག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་ནི་ནང་པའི་བློ་རིག་གམ་སེམས་ཁམས་རིག་པ་ལས་ཆུ་ཚད་སྐྱོ་བ་ལྟ་བུ་དང་། དེང་རབས་སེམས་ཁམས་རིག་པའི་ཁྱབ་ཁོངས་ནང་རྣམ་འགྱུར་སྨྲ་བས་Behaviorism གོ་ས་ངེས་ཅན་ཞིག་བཟུང་བའི་རྒྱུ་མཚན་གྱིས་དེ་ཉིད་མཐོ་བར་ལྟ་ཚུལ་ཞིག་ཡོད་ཀྱང་། ད་ཕན་མཐོང་བའི་ནུབ་ཕྱོགས་སེམས་ཁམས་རིག་པའི་དཔེ་དེབ་མང་ཆེ་བ་ནི་རྣམ་འགྱུར་སྨྲ་བའི་གྲུབ་ཆ་ལས་འདས་མེད་ཅིང་། དེ་ནི་ད་དུང་འགྲོ་བ་མིའི་ལྐོག་གྱུར་གྱི་རིག་གནས་སུ་ལྷག་ཡོད་པ་སྟེ། ཕྱིའི་རྣམ་འགྱུར་རམ་བྱ་སྤྱོད་ག་གེ་མོའི་རྒྱུ་རྐྱེན་ནམ་ང་ཚོས་དངོས་སུ་མྱོང་བའི་ཤེས་པའམ་མྱོང་བའི་རྣམ་གྲངས་མཐའ་ཡས་པ་འདི་དག་ཀླད་པའི་རྩ་ཕྲན་ལས་གདམ་གསེས་བྱས་ཏེ། མདོར་ན་ཀླད་པའི་ཞིབ་འཇུག་གམ་གཟུགས་ཅན་གྱི་ཞིབ་འཇུག་ལས་ཡོངས་སུ་ཐར་མེད། མ་ཟད་ད་ལྟའི་ཀླད་ཁམས་ཚན་རིག་དང་། དབང་རྩའི་ཚན་རིག་གཉིས་ཀྱིས་ཀླད་རྡུལ་ཕྲ་མོའི་ཁྲོད་ནས་རྟོག་བཅས་རྟོག་མེད་ཀྱི་བློའི་རྣམ་གཞག་དང་། ཀུན་སློང་གི་ཁྱད་པར་མི་འདྲ་བ་གཉིས་ལས་བྱུང་བའི་རྣམ་འགྱུར་གཅིག་ཀླད་རྩ་གཅིག་གི་འགུལ་སྐྱོད་ལས་བྱུང་བ་སོགས་ཀྱི་མགོ་རྙོག་རྣམས་གསེད་བཀྲོལ་ཐུབ་ཀྱི་མེད།
དེང་རབས་སེམས་ཁམས་ཚན་རིག་འཕེལ་རིམ་མདོར་ཙམ་གླེང་བ།
དེ་ཡང་Psyche དང་ Logosཞེས་པའི་ཚིག་ཁྱིམ་གཉིས་ལས་གྲུབ་ཅིང་། དང་པོ་ནི་Soul ཞེས་པ་དང་གཉིས་པ་ནི་Science ཞེས་པའི་དོན་ཡིན་པར་འདོད་ཀྱི་ཡོད། འདི་ལ་བརྟེན་ནས་བདག་གམ་བླ་སྲོག་གི་རིག་པ་Science Of Soul ཞེས་པའི་མིང་ཆགས། འོན་ཏེ། Soul ཞེས་པའི་གོ་དོན་འགྲེལ་བཤད་རྒྱག་དཀའ་བར་གྱུར་པའི་རྐྱེན་གྱིས་དེའི་ཚབ་ཏུ་Mind ཞེས་པའི་ཚིག་སྤྱད་ནས་སེམས་ཀྱི་ཚན་རིག་Science Of Mind ཞེས་པར་འགྱུར་བ་ཐེབས། དེ་ལའང་དཀའ་ཚེགས་ཤིག་བྱུང་བ་ནི་སེམས་ཞེས་པ་དེ་གང་ཡིན་ནམ། དེ་གང་དུ་ཡོད། དེས་བྱ་བ་ཅི་ཞིག་བྱེད་ཅེས་སོགས་ཀྱི་དྲི་བ་མང་པོ་ཞིག་སླེབས་པ་འདི་དག་གི་ལན་ནི་ད་དུང་གསལ་པོ་ཆགས་མེད་ལ། མང་པོ་ཞིག་གིས་ཁས་ཀྱང་ལེན་གྱི་མེད། དེ་འདྲའི་མགོ་རྙོག་ལ་བརྟེན་ནས་སེམས་ཀྱི་ཚན་རིག་ཅེས་པ་དེ་ལའང་འགྱུར་བ་བཏང་སྟེ། དྲན་རེག་གི་ཚན་རིག་Science Of Consciosness ཅེས་པར་བཅོས་སྒྱུར་བྱས།
འོན་ཏེ། འདི་གཅིག་པུའི་ཐོག་ནས་དཀའ་ངལ་ཞིག་འཕྲད་པ་ནི། མི་ཞིག་དྲན་མེད་ཚོར་མེད་དུ་གྱུར་པའམ་ཤེས་ཚོར་བག་ལ་ཞ་བའི་གནས་སྐབས་སུའང་བྱ་བར་ཞུགས་པ་ཡོད་པས། འདིའི་ཐོག་ནས་ཀྱང་སེམས་ཁམས་རིག་པའི་གོ་དོན་ཧྲིལ་པོ་སྟོན་མི་ནུས་པར་འདོད། དེའི་རྗེས་སུ་སླར་ཡང་རྣམ་འགྱུར་སྨྲ་བ་Science Of Behavior སྤྱོད་ཚུལ་རིག་པའམ་རྣམ་འགྱུར་སྨྲ་བ་ཞེས་པར་འགྱུར་བ་ཕྱིན་པ་དང་། དེས་མིའི་རང་བཞིན་དང་བྱ་སྤྱོད་ཀྱི་གནས་ལུགས་གླེང་བར་འདོད། དབྱིན་སྐད་ནང་སཡེན་སེ་ཞེས་པའི་གོ་དོན་ནི་སློབ་སྦྱོང་ལ་གོ་བས་འདིར་ཡང་སྤྱོད་ཚུལ་རིག་པ་ཞེས་བརྗོད་ན་འོས་པར་མཐོང་།
ལྟ་ཚུལ་འདི་མི་མང་ཆེ་བས་ཁས་ལེན་བྱས་འདུག་ཀྱང་ད་དུང་རྣམ་འགྱུར་རམ་སྤྱོད་ཚུལ་ཞེས་པ་ཅི་ཞིག་ལ་གོ་དགོས་མིན་གྱི་དྲི་བ་བསླེབས་ཡོད། ཨ་རིའི་སེམས་ཁམས་རིག་པ་བ་སྐུ་ཞབས་J.B Watson ལྟར་ན་དེ་ནི་ང་ཚོའི་དབང་པོ་མངོན་སུམ་གྱི་ཡུལ་དུ་གྱུར་པའི་བྱ་བ་འདི་དག་ལ་འདོད། འོན་ཏེ། ཚིག་འདིའི་གོ་དོན་ངོ་མའི་ནང་འགྲོ་བ་དང་། སྨྲ་བ། འབྲི་བ་བཅས་ལུས་ངག་གི་བྱ་བ་འདས་པའི་ནང་ཤེས་པའི་བྱེད་ལས་དཔེར་ན་བསམ་པ་དང་། དྲན་པ། འཆར་བ། ཚོར་བ་དང་། དེ་བཞིན་མྱོང་བའི་རིགས་བརྩེ་བ་དང་། ཁྲོ་བ་སོགས་ཀྱང་འཚུད་པས། དེའི་གོ་དོན་རྒྱ་ཆེ་བར་འདོད་ཅིང་། མིའི་མི་ཚེ་ནི་བྱེད་ལས་འདི་དག་གི་ཐོག་ནས་མངོན་ཞིང་། རྣམ་འགྱུར་རམ་བྱ་སྤྱོད་ནི་ཆ་ཤས་དེ་དག་ལ་བཏགས་པའི་མིང་དུ་འདོད།
མདོར་ན་དེང་རབས་སེམས་ཁམས་རིག་པ་འདི་ཉིད་ལྟ་གྲུབ་ལས་གྱེས་ཏེ་རང་རྐྱ་འཕེར་བའི་ཚན་རིག་ཅིག་ཏུ་གྱུར་ཏེ་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་པ་དང་། དེ་ཡང་ཚན་རིག་གི་དངོས་མཐོང་རིག་པ་Empiricism དང་། རྒྱུ་མཚན་རིག་པའི་རྨང་གཞིར་བྱས་པ་ཡིན། ལྷག་པར་དུས་རབས་བཅུ་བདུན་དང་བཅོ་བརྒྱད་ནང་དངོས་ཁམས་དང་རྫས་གྱུར་རིག་པའི་འཕེལ་རྒྱས་ཁྲོད་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། འོན་ཏེ། ད་བར་ཚན་རིག་པས་རིག་པ་དེ་གཉིས་ཀྱིས་སྒྲུབ་པར་བྱེད་པའི་ཡུལ་ལ་དབང་པོ་མངོན་སུམ་གྱི་ཡུལ་དུ་གྱུར་པའི་གཟུགས་ཅན་གྱི་ཆོས་འབའ་ཞིག་ལས་ནང་གཟུགས་མེད་ཀྱི་ཤེས་པར་ནམ་ཡང་ཁ་ཕྱོགས་མི་ཐུབ་པའི་འགོག་རྐྱེན་ལ་བལྟས་ན། ད་ལྟའི་སངས་རྒྱས་པའི་བློ་རིག་གི་རྣམ་གཞག་གམ་སེམས་ཁམས་རིག་པའི་བརྟག་དཔྱད་འདི་གཅིག་པུའི་ལོ་རྒྱུས་དང་། དཔྱོད་ཐབས། གྲུབ་དོན་སོགས་གང་དང་ཡང་མཚུངས་སྡུར་བྱེད་པའི་རང་སྟེང་གི་ནུས་པ་མེད་པ་གསལ་པོ་རེད།
མ་ཟད་ད་ལྟ་དེང་རབས་སེམས་ཁམས་རིག་པའི་རེ་འདུན་ཆེ་ཤོས་བྱེད་པའི་གནད་དོན་ཞིག་ནི་༡༩༧༠ ཙམ་ནས་བརྟག་དཔྱད་པ་མང་པོས་ནང་པའི་སྒོམ་སྒྲུབ་ཉམས་ལེན་གྱི་ཐོག་ནས་སེམས་ཁམས་རིག་པའི་གནས་བབ་ལ་གོ་རྟོགས་་གསར་པ་སྐྲུན་ཐུབ་པའི་བསམ་ཚུལ་བཏོན་པ་ལྟར། དཔེ་གསར་གྱི་ཀླད་པའི་པར་ལེན་འཕྲུལ་ཆས་FMRI ལ་སོགས་པའི་བརྟག་དཔྱད་ཀྱི་གྲུབ་དོན་དུ་སྒོམ་སྒྲུབ་ཉམས་ལེན་གྱིས་སེམས་ཀྱི་གནས་བབ་ལ་འགྱུར་བ་འགྲོ་བའི་གོ་རྟོགས་རྙེད་པ་འདི་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་སེམས་དང་ཚེ་སྲོག་ཅེས་པའི་ཚན་རིག་གི་ཚོགས་འདུའི་ཐོག་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་རིན་ཐང་ལྡན་པའི་གྲོས་གཞིའི་ལེའུ་གསར་པ་ཞིག་འགོ་འཛུགས་མཛད་པ་དང་། བརྟག་དཔྱད་ཀྱི་བརྒྱུད་རིམ་འདིའི་ནང་དུའང་ཁོང་གིས་སྤྲོ་བ་ཆེན་པོས་བློ་སྐྱེད་སྦྱིན་གནང་མཛད་ཡོད་པ་སྨོས་མི་དགོས་པ་རེད།