རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོ།
ཟླ་འདིའི་ཚེས་༡༣ ཉིན་“སྤྱི་ཚོགས་རང་དབང་”ཞེས་པའི་ཚོགས་སྡེའི་གོ་སྒྲིག་འོག འཛམ་གླིང་སྟེང་གཉའ་གནོན་དང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པའི་གྲངས་ཉུང་མི་རིགས་དང་ཉམ་ཐག་མི་མང་ཚོའི་ཆེད་དུ་“རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོ་”ཞེས་བའི་ལས་འགུལ་ཐེངས་ལྔ་པ་དེ་ཡོ་རོབ་རྒྱལ་ཁབ་ཁག་གི་ནང་སྤེལ་ཡོད་པ་རེད།
དེ་ཡང་ལས་འགུལ་དེ་སི་པན་གྱི་གྲོང་ཁྱེར་སྦར་ཟིལ་ལོ་ན་དང་། འཇར་མན་རྒྱལ་ས་སྦར་ལིན། སྤེལ་ལྗམ་རྒྱལ་ས་སྦར་སིལ། ཧྥ་རན་སིའི་རྒྱལ་ས་ཕེ་རེ་སི། ཨི་ཊ་ལིས་རྒྱལ་ས་རོམ་བཅས་སུ་ཉིན་བརྒྱ་དུས་གཅིག་ལ་སྤེལ་ཡོད་པ་རེད།
ལས་འགུལ་འདི་བརྒྱུད་ཡོ་རོབ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འཛམ་གླིང་སྟེང་གཉའ་གནོན་དང་མནར་གཅོད་མྱོང་བཞིན་པའི་གྲངས་ཉུང་མི་རིགས་དང་ཉམ་ཐག་མི་མང་ཚོར་རྒྱལ་སྐྱོར་བྱེད་དགོས་པ་དང་། ལྷག་པར་ཏུ་ཡོ་རོབ་ཀྱིས་འཛམ་གླིང་སྟེང་གཉའ་གནོན་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ཚོའི་ཆེད་དུ་དུས་དྲན་སྲུང་བརྩིའི་ཉིན་མོ་ཞིག་གཏན་ཁེལ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
སྤེལ་ལྗམ་རྒྱལ་ས་སྦར་སིལ་གྱི་རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོའི་ལས་འགུལ་དེ་ས་གནས་ཝེ་ཐི་ནམ་ཚོགས་པ་དང་། ཡུ་གུར་མི་རིགས་ཚོགས་པ། སྤེལ་ལྗམ་བོད་རིགས་ཚོགས་པ་བཅས་མཉམ་འབྲེལ་བྱས་ཡོད་པ་དང་། ཉིན་དེའི་ཞོགས་པ་ཆུ་ཚོད་༡༠ སྟེང་ཆར་བ་ཤུགས་ཆེ་བབས་བཞིན་པའི་ཁྲོད་ཝེ་ཐི་ནམ་དང་ཡུ་གུར། བོད་རིགས་བཅས་མི་གྲངས་བརྒྱ་ལྷག་སྤར་སིལ་ས་གནས་de l’Albertine, Brusselsམདུན་ཐང་དུ་འཛོམས་རྗེས། ལས་འགུལ་མཛད་རིམ་ལྟར་ཐོག་མར་སྤེལ་ལྗམ་དང་། ཨི་ཊ་ལི། བོད། ཡུ་གུར། ཝེ་ཐི་ནམ་བཅས་ཀྱི་རྒྱལ་གླུ་བཏང་བ་དང་། དེའི་རྗེས་འཛམ་གླིང་སྟེང་མནར་གཅོད་མྱངས་དང་མྱོང་བཞིན་པའི་གྲངས་ཉུང་མི་རིགས་དང་ཉམ་ཐག་མི་མང་ཚོའི་ཆེད་དུ་སྐར་གཅིག་རིང་ངག་བཅད་མྱ་ངན་ཞུས།
སྤྱི་ཚོགས་རང་དབང་ཚོགས་པའི་སྐུ་ཚབ་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་བ་དང་། ཝེ་ཐི་ནམ་ཚོགས་པའི་སྐུ་ཚབ་ཀྱིས་ཝེ་ཐི་ནམ་རྒྱལ་ཁབ་ནང་གི་གྲངས་ཉུང་མི་རིགསཀྱི་དཀའ་ངལ་སྐོར་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་གནང་། སྤེལ་ལྗམ་བོད་རིགས་ཚོགས་པ་དང་ཡུ་གུར་ཚོགས་པའི་ཚོགས་གཙོ་རྣམ་གཉིས་ཀྱིས་རྒྱ་ནག་གི་དབང་སྒྱུར་འོག་བོད་དང་ཡུ་གུར། སོག་པོ་སོགས་གྲངས་ཉུང་མི་རིགས་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་ཧྥ་རན་སིའི་སྐད་དང་ནེ་རྡར་ལན་ཊིའི་སྐད་ཐོག་མི་མང་ལ་ངོ་སྤྲོད་གཏམ་བཤད་གནང་། མཐར་མང་གཙོ་དང་རང་དབང་དགོས་བའི་སྐད་འབོད་གནང་སྟེ་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།
གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།