གྷུ་ཇུ་ར་ཐ་མངའ་སྡེའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད།
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་གྷུ་ཇུ་ར་ཐ་མངའ་སྡེའི་རྒྱལ་ས་གྷན་རྡི་ན་གྷར་གྲོང་ཁྱེར་ནང་ཟླ་ ༡༠ ཚེས་༡༣ ཉིན་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་སྣེ་ཁྲིད་འོག་འབྱོར་ཏེ། ས་གནས་དེ་དག་ཏུ་མཚན་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
སྐབས་དེར་བོད་མི་སུད་ཚོང་བ་རྣམས་ནས་བདེན་པའི་མེ་ལྕེར་མཇལ་དར་བསྒྲོན་ཏེ་ཕེབས་བསུ་ཞུས་པ་དང་། མཛད་སྒོའི་ཐོག་གྷན་རྡི་ན་གྷར་གྲོང་ཁྱེར་གྱི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཁྲིམས་རྩོད་པ་སྐུ་ཞབས་ སན་རྡིབ་ཇོ་ཏི་ཀར་དང་། གྷན་རྡི་ན་གྷར་དབུས་གཙུག་ལག་སློབ་གཉེར་ཁང་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་མ་བཅས་ལས་འགུལ་ནང་མཉམ་ཞུགས་བྱས།
བདེན་པའི་མེ་ལྕེར་ཕེབས་བསུའི་མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་དང་མཛད་རྗེས་ལ་ཡིད་རངས་གུས་བཏུད་ཞུ་སླད་སྐར་མ་གཅིག་རིང་ངག་བཅད་ཞུས་པ་དང་། དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་གཞུང་ནས་བོད་ནང་ལག་བསྟར་བྱས་དང་བྱེད་བཞིན་པའི་དྲག་གནོན། བོད་ནང་བོད་མིས་རང་ལུས་མེར་སྲེག་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་མང་ཚོགས་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
སྐབས་དེར་རྒྱ་གར་ནུབ་ཕྱོགས་ཁུལ་གྱི་གསར་འགྱུར་བརྒྱུད་ལམ་གྲགས་ཆེན་ Divya Bhaskar གྱི་རྩོམ་སྒྲིག་པར་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་། བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད་ཞུས་པ་བཞིན་ཕྱི་ཉིན་ཚགས་ཤོག་ནང་གནས་ཚུལ་རྒྱ་ཆེ་ཐོན་ཡོད་པ་རེད། ཕྱི་ཚེས་ ༡༤ ཞོགས་པ་ར་ཇ་སེ་ཐན་མངའ་སྡེའི་གྲོང་ཁྱེར་ཇེ་སྤུར་དུ་འབྱོར་སྐབས་བོད་མི་ཚོང་པའི་སྐྱིད་སྡུག་གི་འཐུས་མི་དང་། སློབ་སྟོན་པ་རྣམས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་ཞུས་ཡོད་པ་རེད། །