ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་དུས་དྲན།

photos news 2012  10  17 2ཟླ་འདིའི་ཚེས་༡༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གོ་སྒྲིག་འོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།

ཞོགས་པ་དེར་མོན་གྷོ་ས་གནས་ནོར་བུ་རི་ལ་དུས་དྲན་སྲུང་བརྩིའི་མཛད་སྒོ་འཚོགས་པ་དང་། སྐུ་མགྲོན་གཙོ་བོ་མོན་གྷོ་ས་གནས་འགོ་འཛིན་བསོད་ནམས་བསྟན་འཛིན་དང་། དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་གཉིས་གཙོས་གྲྭ་ཚང་ཁག་དང་གྲོང་སྡེ་ཁག་གི་སྤྱི་མི་ཕྱག་མཛོད་རྣམས་དང་། དེ་བཞིན་མོན་གྷོ་འདོད་རྒུ་གླིང་གི་སྐྱ་སེར་ཕོ་མོ་ཡོངས་མཉམ་འཛོམས་ཐོག ཐོག་མར་༧གོང་ས་སྐྱབས་མགོན་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་པོ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་གདན་འདྲེན་ཞུས་རྗེས།  སྐུ་མགྲོན་རྣམ་པས་མཇལ་དར་བསྒྲོན་པ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་འབྲེལ། བསང་གསོལ་དར་ལྕོག་བསྒྲེངས་འཛུགས་སོགས་བྱས་ཡོད་པ་རེད།

photos news 2012  10   17སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་གྱིས་དུས་དྲན་དང་འབྲེལ་གཏམ་བཤད་གནང་དོན།  དེ་རིང་གི་དུས་དྲན་སྲུང་བརྩི་འདི་ལ་ང་རང་ཚོར་དམིགས་བསལ་གྱི་ཚོར་བ་ཞིག་ཡོད་དགོས་པ་རེད།  གང་ཡིན་ཟེར་ན།  ལོ་མང་སྔོན་ནས་རྒྱ་གཞུང་གིས་༧གོང་ས་མཆོག་ལ་ཁ་བྲལ་བའི་སྣེ་ཁྲིད་མཁན་རེད་ཟེར་ནས་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་པ་དེ་སེར་སྐྱ་གཉིས་ཀྱིས་མཁྱེན་གྱི་ཡོད་པ་རེད།  ༡༩༥༤ ནས་ད་ལྟའི་བར་ལ་བལྟས་ན་༧གོང་ས་མཆོག་འཛམ་གླིང་གི་དབུ་ཁྲིད་ཚོ་དང་མཇལ་འཕྲད་གནང་བ་ཙམ་དུ་མ་ཟད། ཆེ་མཐོང་གི་གཟེངས་རྟགས་གང་མང་འབུལ་བཞེས་གནང་བའི་བརྒྱུད་རིམ་ལ་བསམ་བློ་བཏང་ན། ང་ཚོ་ལ་རླབས་ཆེན་གྱི་དབུ་ཁྲིད་ཅིག་དང་ཡང་དག་པའི་མི་ཚེའི་ཁ་ཕྱོགས་སྟོན་མཁན་ཞིག་ཡོད་པ་ཤེས་པའི་ཐོག་ཁོང་གི་བཀའ་གསུང་དང་ལེན་བྱེད་དགོས་པ་རེད་ཅེས་སོགས་གསུངས་སོང་།

དེ་ནས་དགའ་ཤར་མཁན་པོ་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གསུང་བཤད་ལམ་སྟོན་གནང་དོན། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ལས་བགྲེས་ཡོལ་ཞུས་ནས་ང་ཚོ་འདིར་འདུ་འཛོམས་གནང་བ་ཐེངས་མ་གཉིས་པ་དེ་ཆགས་ཡོད་རེད། བགྲེས་ཡོལ་ཞུས་སྐབས་༧གོང་ས་མཆོག་ལ་དད་གུས་གཡོ་བ་མེད་པ་ཡོད་མཁན་ཚོར་ཐོག་མར་བློ་འཚབ་ཡོང་གི་ཡོད་པ་རེད།   བོད་པའི་རྩ་དོན་གྱི་གནས་ཚད་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་འགྲོ   ༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་ནས་འཛམ་གླིང་གང་སར་བོད་དོན་ཁྱབ་སྤེལ་འགྲོ་རྒྱུ་ལ་གནོད་སྐྱོན་གང་འདྲ་ཞིག་འགྲོ་ཡོང་མིན་སོགས་ཀྱི་ཐད་བློ་འཚབ་ཅིག་ཡོང་ཡོད་པ་རེད།  འདས་པའི་ལོ་རྒྱུས་ཀྱི་ནང་གནས་ཚུལ་མང་པོ་ཞེ་དྲག་གསལ་བོ་ཆགས་པ་རེད།  ༧གོང་ས་མཆོག་ཆབ་སྲིད་ཀྱི་མཛད་འགན་གྱི་དགོངས་ཞུ་གནང་བ་ནས་བཟུང་འཛམ་གླིང་ཐོག་མཛད་འཕྲིན་གོང་འཕེལ་དུ་འགྲོ་བསྡད་ཡོད་རེད། ཆབ་སྲིད་ཀྱི་དགོངས་པ་ཞུས་གནང་བ་དེ་༧གོང་ས་མཆོག་གི་མཛད་འཕྲིན་ལ་གནོད་སྐྱོན་དུ་རྩ་བ་ནས་གྱུར་ཡོད་པ་མ་རེད།  དེ་སྔོན་༧གོང་ས་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་ཡིན་པའི་སྐབས་སུ་ཕེབས་བསུ་ཞུ་རྒྱུར་དཀའ་ངལ་ཡོད་པའི་རྒྱལ་ཁབ་ཚོའི་ནང་ད་ཆ་དཀའ་ངལ་གང་ཡང་མེད་པ་ཆགས་ཡོད་པ་རེད་ཅེས་དང་།  གཞན་ཡང་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་སམ་གནད་དོན་ལ་ཆ་བཞག་པ་ཡིན་ན་སྔར་གྱི་སྲིད་གཞུང་རྙིང་པ་དེ་རྒྱུད་འཛིན་བྱས་པའི་ཐོག་འཛམ་གླིང་ཕྱི་སྲོལ་དང་མཐུན་པའི་འགྲོ་སྟངས་འགྲོ་ལུགས་ཡོད་པའི་སྲིད་གཞུང་གསར་པ་ཞིག་ཆགས་ཡོང་དུས། དེ་ལ་ཡང་དོ་སྣང་བྱེད་མཁན་དང་འབྲེལ་བ་བྱེད་མཁན་མང་པོ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་ཡོང་གི་ཡོད་པ་རེད།   དེ་ཡང་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་མི་མང་དཀྱུས་མ་ཞིག་ལངས་ནས་ཡོང་ཡོད་པ་རེད།  ཁོང་གིས་འཛམ་གླིང་ཐོག་འབྲེལ་བ་བྱས་ཡོང་དུས་སྔར་རྒྱུན་༧གོང་ས་མཆོག་ལ་འབྲེལ་བ་གནང་བ་ནང་བཞིན་ཕྱི་འབྲེལ་གྱི་ལས་དོན་དག་ལམ་སློང་འབྱུང་གི་ཡོད་པ་གསལ་པོ་རེད།  གནད་དོན་དེ་དག་ཞེ་དྲག་དགའ་དགོས་པ་ཞིག་རེད་དྲན་སོང་།  ང་ཚོའི་སྲིད་སྐྱོང་མཆོག་འཛམ་གླིང་གི་སྟོབས་ཤུགས་དང་ནུས་པ་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་གི་དབུ་ཁྲིད་ཚོ་དང་མཇལ་འཕྲད་གནང་དང་གནང་མུས་ཡོད་པ་དེ་ཡང་དགའ་དགོས་པའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་རེད་ལ།  ང་ཚོ་ཆོས་དང་ཆབ་སྲིད་གཉིས་ཕྱོགས་ནས་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གང་གནང་པ་དེའི་ཐོག་ཤར་བསྐྱོད་བྱེད་དགོས་པ་རེད་ལ། དེ་ལྟར་སོང་བ་ཡིན་ན་ཏན་ཏན་ཕྱོགས་ཡོངས་ནས་ཡག་པོ་ཡོང་གི་རེད་ཅེས་སོགས་གསུངས་སོང་།

མོན་གྷོ་གསར་འགོད་པས།