རྒྱ་གཞུང་གིས་རྡོ་དཀར་དགོན་པའི་གྲྭ་པ་བཞི་འཛིན་བཟུང་།
ཉེ་ཆར་ཨ་མདོ་གཙོད་གྲོང་ཁྱེར་གྱི་ཁོངས་གཏོགས། རྡོ་དཀར་རྫེ་རོ་སྡེ་པའི་སངས་རྒྱས་རྒྱ་མཚོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་པར་བརྟེན། ཟླ་འདིའི་ཕྱི་ཚེས་༡༧ ཉིན་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་ཞིག་གློ་བུར་དུ་རྡོ་དཀར་དགོན་པར་ཡོང་སྟེ་གྲྭ་པ་བཞི་འཛིན་བཟུང་བྱས་པའི་གནས་ཚུལ་འདུག
དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༦ཉིན་མདོ་སྨད་གཙོད་གྲོང་ཁྱེར་དང་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ། རྡོ་དཀར་རྫེ་རོ་སྡེ་བའི་སྐྱེས་པ་རང་ལོ་༢༧ ཡིན་པ་སངས་རྒྱས་རྒྱ་མཚོས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་པ་ནས་བཟུང་། ད་བར་གཞུང་གིས་དམག་མི་འབོར་ཆེན་འགྲེམས་འཇོག་གིས་རྡོ་དཀར་དགོན་པ་གཙོས་ས་གནས་ཡོངས་ལ་བལྟ་སྲུང་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། ཉིན་རྟག་པར་ཉེན་རྟོག་པ་དགོན་པར་ཡོང་ནས་གྲྭ་པ་རེ་རེ་བཞིན་འདྲི་གཅོད་བྱེད་བཞིན་ཡོད་པ་རེད་འདུག་ལ།
ཕྱི་ཚེས་༡༧ ཉིན་གློ་བུར་དུ་རྒྱ་གཞུང་གི་སྤྱི་བདེ་ཉེན་རྟོག་པ་མང་པོ་དགོན་པར་ཡོང་ནས་དགོན་པའི་དངུལ་གཉེར་འཇིགས་མེད་རྒྱ་མཚོ་དང་། རྩིས་པ་སྐལ་བཟང་རྒྱ་མཚོ། གཞན་དགེ་འདུན་པ་དཀོན་མཆོག་རྒྱ་མཚོ་བཅས་གསུམ་པོ་སོ་སོའི་གྲ་ཤག་ནས་འཛིན་བཟུང་བྱས་ཡོད་འདུག དེ་བཞིན་ཉིན་ཤས་གོང་དགེ་འདུན་པ་བཀྲ་ཤིས་རྒྱ་མཚོ་བཅས་སྔ་ཕྱིར་དགེ་འདུན་པ་བཞི་འཛིན་བཟུང་བྱས་ཡོད་པ་དང་། དེ་ཡང་ཁོང་ཚོ་སངས་རྒྱས་རྒྱ་མཚོའི་སྐུ་ཕུང་བདག་པོ་རྒྱག་མཁན་དང་འདྲ་པར་རྒྱག་མཁན་ཡིན་པ་སོགས་ལ་བསྙད་དེ་འཛིན་བཟུང་བྱས་ཡོད་འདུག
དེ་བཞིན་རྒྱ་ནག་གཞུང་གིས་ཉེ་ལམ་སངས་རྒྱས་རྒྱ་མཚོས་རང་ལུས་མེར་སྲེག་བཏང་བ་དེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་མ་ཡིན་པར། བཟའ་ཚང་ནང་ཁུལ་མ་འཆམ་པའི་དཀའ་ངལ་གྱིས་ཡིན་པར་ངོས་ལེན་བྱས་པ་ཡིན་ན། ནང་མིར་རྒྱ་སྒོར་ཁྲི་༡༠༠ སྤྲོད་རྒྱུ་ཡིན་ཚུལ་བཤད་ཡོད་ཀྱང་ནང་མིས་ཁས་ལེན་བྱས་མེད་པ་རེད་འདུག